ལེ་པཱ་ནུན་གྱི་རྒྱལ་སའི་གྲུ་ཁ་ས་ཁུལ་དུ་འགས་གཏོར་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་དོན་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་སྟོང་གསུམ་དང་བདུན་བརྒྱར་རྨས་ཕོག
2020.08.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 553

ཟླ་བརྒྱད་པའི་ཚེས་བཞི་ཉིན། ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ནས་འགས་གཏོར་བྱུང་རྗེས་མདོག་ལྡན་དུ་བ་དགུང་དུ་འཕྱུར་བཞིན་པ། 

ཟླ་བརྒྱད་པའི་ཚེས་བཞི་ཉིན། ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ནས་འགས་གཏོར་བྱུང་རྗེས་དུ་ནག་འཕྱུར་བཞིན་པ། 

ཟླ་བརྒྱད་པའི་ཚེས་བཞི་ཉིན། ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ནས། མི་རེ་འགའ་འགས་གཏོར་ཁྲོད་གཏོར་བརླག་ཐེབས་པའི་རླངས་འཁོར་གྱི་ཉེ་འགྲམ་དུ་འགྲོ་བཞིན་པ། 

ཟླ་བརྒྱད་པའི་ཚེས་བཞི་ཉིན། ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ནས། སྐྱེས་པ་ཞིག་གིས་བྱིས་པ་པང་ནས་གཏོར་བརླག་ཚབས་ཆེན་ཐེབས་པའི་ཁང་བའི་ཉེ་སར་བགྲོད་བཞིན་པ། 

ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་གྲུ་ཁ་ས་ཁུལ་དུ་ཚེས་བཞི་ཉིན་གྱི་དགོང་མོར་འགས་གཏོར་དྲག་པོ་བྱུང་སྟེ། མིག་སྔར་ཉུང་མཐར་ཡང་མི་དོན་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གསུམ་དང་བདུན་བརྒྱར་རྨས་ཕོག

ཚེས་བཞི་ཉིན་གྱི་དགོང་མོའི་དུས་ཚོད་དྲུག་དང་སྐར་མ་བཅུའི་ཡས་མས་སུ། པེ་རུ་ཐིའི་གྲུ་ཁ་ས་ཁུལ་དུ་འགས་གཏོར་དྲག་པོ་བྱུང་། འགས་གཏོར་དེ་ལས་པེ་རུ་ཐིའི་སྲང་ལམ་མང་བོར་གཏོར་བརླག་ཚབས་ཆེན་ཐེབས་པ་དང་། ཁང་བ་མང་བོ་གཏོར་བརླག་ཚབས་ཆེན་ཐེབས་པའི་སྣང་ཚུལ་གང་སར་མཐོང་ཐུབ། འགས་གཏོར་བྱུང་སའི་ཉེ་འདབས་ཀྱི་ཨ་ཧྲི་ལཱ་ཧྥེ་ཡེ་སྲང་ལམ་ནས་སྡོད་དམངས་པུས་ལཱ་ཨར་གྱིས་གསར་འགོད་པར་བཤད་རྒྱུར། འགས་གཏོར་དོན་རྐྱེན་བྱུང་སྐབས་སྲང་ལམ་ནི་ཡ་ང་བའི་གནོད་འཚེ་ཞིག་བྱུང་བ་དང་འདྲ་ལ། མི་མང་བོར་རྨས་ཕོག་ཡོད་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། འགས་གཏོར་བྱུང་སའི་ཉེ་འཁོར་གྱི་སྤྱི་ལེ་བཅུ་ལྷག་གི་མཚམས་སུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ལའང་གཏོར་བརྒལ་ཐེབས་ཡོད་ཟེར། 

འགས་གཏོར་བྱུང་ནས་དུས་ཚོད་གཉིས་ཙམ་འགོར་ཡང་ཡུལ་དངོས་སུ་སྔར་བཞིན་དུ་ནག་འཕྱུར་བཞིན་ཡོད། འགས་གཏོར་བྱུང་རྗེས་མྱུར་སྐྱོབ་རླངས་འཁོར་མང་བོ་ཡུལ་དངོས་སུ་འབྱོར་ནས་རྨས་མ་སྐྱེལ་ལེན་བྱས་པ་དང་། མེ་གསོད་རླངས་འཁོར་མང་བོ་ཡུལ་དངོས་སུ་ཡོང་ནས་མེ་བསད་པར་མ་ཟད། དམག་ཕྱོགས་ཀྱིས་གྱེན་འཕུར་གནམ་གྲུ་མང་བོ་མངག་ནས་མེ་གསོད་པར་རོགས་འདེགས་བྱས། ཉེན་རྟོག་ཕྱོགས་ཀྱིས་ཉེ་འཁོར་ས་ཁོངས་བཀག་སྡོམ་བྱས་པ་དང་། འབྲེལ་མེད་མི་སྣ་གྲུ་ཁ་ས་ཁུལ་དུ་འགྲོ་བར་གཏན་འགོག་བྱས་ཡོད། 

ལེ་པཱ་ནུན་གྱི་འཕྲོད་བསྟེན་པུའུ་ཀྲང་ཧཱ་སིང་གིས་ཉིན་དེར་བཤད་རྒྱུར། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། འགས་གཏོར་དེ་ལས་ཉུང་མཐར་ཡང་མི་དོན་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གསུམ་དང་བདུན་བརྒྱར་རྨས་ཕོག་ཡོད། པེ་རུ་ཐིའི་སྨན་ཁང་གི་གསོ་བཅོས་ནུས་པར་ཚད་ཡོད་པས། ཁོས་རྨས་ཕོག་པའི་མི་སྣ་དག་ཉེ་འཁོར་གྱི་སྨན་ཁང་གཞན་པར་བཀོད་སྒྲིག་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཞོར་དུ་སྨན་བཅོས་མི་སྣ་ཚང་མ་རྨས་མ་མྱུར་སྐྱོབ་བྱེད་པའི་བྱ་བར་ཞུགས་དགོས་པའི་སྐུལ་སློང་བྱས། 

མིག་སྔར་འགས་གཏོར་བྱུང་བའི་བྱེ་བྲག་གི་རྒྱུ་རྐྱེན་གསལ་བོར་མི་ཤེས། ལེ་པཱ་ནུན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། གྲུ་ཁའི་མཛོད་ཁང་ཞིག་ལ་མེ་སྐྱོན་བྱུང་ནས་འགས་གཏོར་བྱུང་བ་རེད་ཟེར། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། ཉིན་དེར་བསྡོམས་པས་འགས་གཏོར་ཐེངས་གཉིས་བྱུང་བ་རེད། ལེ་པཱ་ནུན་གྱི་ནང་སྲིད་པུའུ་ཀྲང་ཧྥ་ཧི་མུས་ཀྱིས་བཤད་རྒྱུར། འགས་གཏོར་དེ་ནི་ཉིས་སྟོང་བཅུ་བཞིའི་ལོར་གྲུ་ཁའི་མཛོད་ཁང་དུ་ཉར་འཇོག་བྱས་པའི་རྫས་འགྱུར་ཐོན་རྫས་ཞའོ་སྐྱུར་ཨན་ལས་བྱུང་བ་ཡིན་ཡང་སྲིད་ཟེར། 

ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་ཉིན་དེར་བྲེལ་མྱུར་བདེ་འཇགས་གྲོས་ཚོགས་བསྡུས་ཏེ། དམག་ཕྱོགས་ཀྱིས་འགས་གཏོར་རྗེས་ཀྱི་འཕྲལ་སྒྲུབ་བྱ་བ་བཟང་བོར་བསྒྲུབ་པར་མཛུབ་སྟོན་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་རྨས་མར་རིན་མེད་གསོ་བཅོས་བྱེད་དགོས་ལ། གྱོང་གུད་ཚབས་ཆེན་བཟོས་པ་དང་འགྲོ་སའི་ཁྱིམ་མེད་པའི་ཁྱིམ་ཚང་ལ་རོགས་རམ་བྱེད་དགོས་པའི་རེ་བ་བཏོན། 

ལེ་པཱ་ནུན་གྱི་ཙུང་ལི་ཏིས་ཡཱ་པུའུ་ཡིས་ཉིན་དེར་འགས་གཏོར་བྱུང་སའི་ཡུལ་དངོས་ལ་རྟོག་ཞིབ་བྱས་རྗེས། ཚེས་ལྔ་ཉིན་ནི་རྒྱལ་ཡོངས་ཀྱི་མྱ་ངན་ཞུ་བའི་ཉིན་མོར་ཁྱབ་སྒྲོག་བྱས་པ་དང་། ལེ་པཱ་ནུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྐྱབས་བཅོལ་བྱེད་རྒྱུའི་ཚུལ་བསྟན། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།