གནས་སྤོས་ཡུལ་མིའི་གྲུ་གཟིངས་ཤིག་མོ་རི་ཐ་ནི་ཡའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་ནུབ་ནས་མི་སོ་དགུ་རྐྱེན་ལམ་དུ་ཤོར།
2020.08.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

མོ་རི་ཐ་ནི་ཡ་བདེ་འཇགས་སྡེ་ཁག་གི་དཔོན་པོ་ཞིག་གིས་ཚེས་དྲུག་ཉིན་བདེན་དཔང་བྱས་ནས་བཤད་རྒྱུར། ཉིན་དེར་གནས་སྤོས་ཡུལ་མིའི་གྲུ་གཟིངས་ཤིག་མོ་རི་ཐ་ནི་ཡའི་དཔལ་འབྱོར་རྒྱལ་ས་ནོ་ཝ་ཏི་པུ་ཉེ་འགྲམ་གྱི་མཚོ་ཁོངས་སུ་ནུབ་ནས་མི་སོ་དགུ་རྐྱེན་ལམ་དུ་ཤོར་བ་རེད།
    མིང་བཤད་མི་འདོད་པའི་བདེ་འཇགས་སྡེ་ཁག་གི་དཔོན་པོ་དེས་ཁ་པར་བརྒྱུད་ནས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཆག་སྒོ་བྱུང་བའི་གྲུ་གཟིངས་སྟེང་གནས་སྤོས་ཡུལ་མི་བཞི་བཅུ་ཡོད་ཅིང་། དེའི་ཁྲོད་ཀེ་ནེ་ཡ་ནས་ཡིན་པའི་སྐྱེས་པ་ཞིག་བསྐྱབས་ནས་ནུའུ་ཝ་ཏི་པུ་ཡི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད།    

སྲོག་ཉེན་ལས་ཐར་བའི་མི་དེས་བཤད་པ་ལྟར་ན། གྲུ་འདི་མོ་རོ་ཁོ་ནས་ལམ་ལ་ཆས་ཏེ་སི་ཕན་གྱི་ཅ་ན་ལེ་གླིང་ཚོམ་ལ་འགྲོ་བའི་འཆར་གཞི་ཡོད་ཟེར།    

ཨ་ཧྥེ་རི་ཁ་ནུབ་མ་དང་ཨ་ཧྥེ་རི་ཁ་བྱང་མའི་ཁྲིམས་འགལ་གནས་སྤོས་ཡུལ་མི་ཚོས་རྟག་ཏུ་མོ་རི་ཐ་ཉི་ཡ་སི་ཕེན་གྱི་ཅ་ན་ལི་གླིང་ཚོམ་ལམ་ཡང་ན་ཡོ་རོབ་སྐམ་ས་ཆེ་མོར་སྐྱོད་པའི་བར་བརྒྱུད་ས་ཚིགས་སུ་བརྩི་ཡི་ཡོད། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པར། ཉུང་མཐར་ཡང་མི་བརྒྱ་དང་བཅོ་ལྔ་ཡོད་པའི་གནས་སྤོས་ཡུལ་མིའི་གྲུ་གཟིངས་ཤིག་མོ་རི་ཐ་ནི་ཡ་ཉེ་འགྲམ་གྱི་མཚོ་ཁོངས་སུ་ནུབ་ནས་མི་དྲུག་ཅུ་ལྷག་ཙམ་རྐྱེན་ལམ་དུ་ཤོར།

ལོ་ཙཱ་བ། བན་དེ་སྐྱབས།