སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་རྟེན་གཞིར་འཇབ་རྒོལ་ཐེབས་ཏེ་མི་བརྒྱད་རྐྱེན་ལམ་དུ་ཤོར།
2020.08.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

སོ་མཱ་ལིའི་རྒུད་སྐྱོབ་ལས་ཁུངས་ཀྱིས་ཚེས་བརྒྱད་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་རུ་ཡོད་པའི་སྲིད་གཞུང་དམག་དཔུང་གིང་རྟེན་གཞི་ཞིག་ལ་ཉིན་དེར་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བཞིར་རྨས་ཕོག 

སོ་མཱ་ལིའི་ཨ་མེན་མྱུར་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རིན་ཨ་པུའུ་ཏིས་ལཱ་ཧི་མན་གྱིས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་སྔ་དྲོར། འགད་རྫས་དྲུད་པའི་རླངས་འཁོར་ཞིག་མའོ་ཅཱ་ཏིས་ཧྲའི་ཏིས་ལེ་ས་ཁུལ་གྱི་སྲིད་གཞུང་དམག་དཔུང་གི་རྟེན་གཞི་ཞིག་ཏུ་ཡོང་ནས་འགས་གཏོར་བཏང་བ་རེད། མིག་སྔར་འཇབ་རྒོལ་དེ་ལས་ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བཞིར་རྨས་ཕོག 

སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཨ་ཏན་གྱིས་གསར་འགོད་པར་བདེན་དཔང་བྱས་དོན། སྲིད་གཞུང་དམག་དཔུང་གི་རྟེན་གཞི་དེར་འཇིགས་སྐུལ་ཉེས་ཅན་གྱི་རང་སྲོག་གཅོད་པའི་འཇབ་རྒོལ་ཐེབས་ཡོད་ཟེར། 

སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།