མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤུགས་ཆེན་པོས་ལེ་པཱ་ནུན་ལ་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་། 
2020.08.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མེན་ནཱ་མུའུ་ཧན་མའོ་ཏི་ཡིས་ཚེས་དགུ་ཉིན་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤུགས་ཆེན་པོས་ལེ་པཱ་ནུན་འགས་གཏོར་གྱི་ཤུགས་རྐྱེན་ཁྲོད་ནས་སླར་གསོ་བྱེད་པར་རོགས་རམ་གང་ལེགས་བྱེད་དགོས་ཟེར། 

ཨ་མེན་ནཱ་མུའུ་ཧན་མའོ་ཏི་ཡིས་ཉིན་དེར་བསྡུས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པཱ་ནུན་ལ་རོགས་སྐྱོར་བྱེད་པའི་བརྙན་རིས་གྲོས་ཚོགས་སྟེང་བཤད་རྒྱུར། པེ་རུ་ཐིའི་འགས་གཏོར་གྱིས་འཛམ་གླིང་ཧྲིལབོར་འཇིགས་དངངས་བཟོས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རང་ནུས་ཅི་ལྕོགས་ཀྱིས་ལེ་པཱ་ནུན་གྱི་མི་དམངས་ལ་རོགས་རམ་བྱེད་རྒྱུ་རེད། ལེ་པཱ་ནུན་འགོས་གཏོར་གྱི་ཤུགས་རྐྱེན་ཁྲོད་ནས་སླར་གསོ་བྱེད་པར་རོགས་རམ་བྱེད་ཆེད། ང་ཚོ་མི་ཚང་མས་རོགས་འདེགས་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་ནས་སྔར་ལས་ལྷག་པའི་སྒོ་ནས་ལེ་པཱ་ནུན་མི་དམངས་ཀྱི་དཀའ་སྡུག་ཇེ་ཉུང་དུ་གཏོང་དགོས་ཟེར། 

ཨ་མེན་ནཱ་མུའུ་ཧན་མའོ་ཏི་ཡིས་བསྟན་དོན། ལེ་པཱ་ནུན་མི་དམངས་ལ་གཏན་འཇགས་དང་བདེ་འཇགས་ཀྱི་མ་འོངས་པ་ཞིག་ཡོད་དགོས། ཆོད་སེམས་བརྟན་པོས་མཐུན་སྒྲིལ་གཅིག་གྱུར་བྱས་ན། ང་ཚོས་ཁོ་ཚོའི་རྒྱང་རིང་གི་དམིགས་འབེན་དེ་མངོན་འགྱུར་བྱེད་པར་རོགས་རམ་བྱེད་ཐུབ་ཟེར། 

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་བརྙན་རིས་གྲོས་ཚོགས་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པཱ་ནུན་ལ་མྱུར་དུ་རོགས་རམ་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ལེ་པཱ་ནུན་མི་དམངས་ཀྱི་ཕྱོགས་ནས་ལངས་ཏེ། མཉམ་དུ་ཁོ་ཚོར་རོགས་རམ་བྱེད་དགོས། མིག་སྔར་ལེ་པཱ་ནུན་གྱི་རོགས་སྐྱོར་དེ་སྤྱི་བའི་འཕྲོད་བསྟེན་དང་ཟས་རིགས་མཁོ་འདོན། སྡོད་ཁང་བསྐྱར་འཛུགས། སློབ་གྲྭ་སླར་གསོ་བཅས་ཕྱོགས་བཞིར་གཅིག་འདུས་བྱེད་དགོས་ཟེར། 

ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་བརྙན་རིས་གྲོས་ཚོགས་སྟེང་བཤད་རྒྱུར། ལེ་པཱ་ནུན་མ་གཞི་ནས་དཔལ་འབྱོར་ཉམས་ཉེན་ཁྲོད་གནས་ཡོད་པའི་ཁར་པྲོག་གསར་གློ་ཚད་རིམས་ནད་བྱུང་བ་རེད། གནད་དོན་དེ་དག་ལེ་པཱ་ནུན་གྱི་ནུས་པའི་ཁྱབ་ཁོངས་ལས་བརྒལ་ཡོད་ལ། པེ་རུ་ཐི་ནས་བསྐྱར་འཛུགས་བྱ་བ་སྤེལ་བར་དགོས་མཁོ་ཆེན་པོ་ཡོད། ཁོས་རྒྱལ་ཁབ་ཚང་མས་ལེ་པཱ་ནུན་ལ་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཨོ་ཨིན་གྱིས་ནན་གྱིས་བསྟན་དོན། འགས་གཏོར་དོན་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། མི་སུ་ཡིན་ཡང་བཅའ་ཁྲིམས་ཀྱི་རྒྱ་ལས་ཐར་མི་སྲིད་ཟེར། 

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པཱ་ནུན་ལ་རོགས་སྐྱོར་བྱེད་པའི་བརྙན་རིས་གྲོས་ཚོགས་དེ་ཧྥ་རན་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་འདོན་འོག་བསྡུས་པ་དང་། རྒྱལ་ཁབ་དང་སྲིད་གཞུང་གི་མགོ་ཁྲིད་པ་བཅོ་ལྔ་ཙམ་གྲོས་ཚོགས་ལ་ཞུགས། དེ་ལས་གཞན་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་ལས་ཁུངས་ཀྱི་འགན་ཁུར་བའང་བརྙན་རིས་གྲོས་ཚོགས་ལ་ཞུགས། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།