ལེ་པཱ་ནུན་གྱི་ཙུང་ལི་ཡིས་སྲིད་གཞུང་གིས་མཉམ་དུ་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས། 
2020.08.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 77

ཟླ་བརྒྱད་པའི་ཚེས་བཅུ་ཉིན། ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ཙུང་ལིའི་བཞུགས་ཤག་ནས། ལེ་པཱ་ནུན་གྱི་ཙུང་ལི་ཏིས་ཡཱ་པུའུ་ཡིས་བརྙན་འཕྲིན་གཏམ་བཤད་སྤེལ། 

ཟླ་བརྒྱད་པའི་ཚེས་བཅུ་ཉིན། ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ཙུང་ལིའི་བཞུགས་ཤག་ནས། ལེ་པཱ་ནུན་གྱི་ཙུང་ལི་ཏིས་ཡཱ་པུའུ་ཡིས་ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད། 

ལེ་པཱ་ནུན་གྱི་ཙུང་ལི་ཏིས་ཡཱ་པུའུ་ཡིས་སྲིད་གཞུང་གིས་མཉམ་དུ་ལས་ཁུར་དགོངས་ཞུ་བྱས་ཏེ་མང་ཚོགས་ཀྱི་བཅོས་བསྒྱུར་བྱེད་པའི་འབོད་སྐུལ་དང་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཏིས་ཡཱ་པུའུ་ཡིས་ཉིན་དེའི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། སྐབས་འདིའི་སྲིད་གཞུང་གིས་ལས་འགན་ཁུར་བའི་ཚུན་ལ་ནམ་རྒྱུན་བཅོས་བསྒྱུར་བརྩོན་ལེན་བྱས་ཀྱང་བར་ཆད་ཆེན་པོ་བྱུང་སོང་། སྲིད་ཏང་རེ་འགས་མང་ཚོགས་ངན་སྐུལ་བྱས་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པར་བཀག་འགོག་བྱེད་ཐབས་མེད་ཟེར། ཁོས་སྲིད་གཞུང་གིས་མཉམ་དུ་ལས་ཁུར་དགོངས་ཞུ་བྱས་ཏེ་ངེས་པ་དོན་གྱི་བཅོས་བསྒྱུར་བརྩོན་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཏིས་ཡཱ་པུའུ་ཡིས་བཤད་རྒྱུར། ལེ་པཱ་ནུན་གྱི་རུལ་སུངས་མ་ལག་གི་རྩ་བ་གཅོད་དཀའ་བ་དང་། པེ་རུ་ཐི་གྲུ་ཁ་ས་ཁུལ་གྱི་འགས་གཏོར་ནི་རུལ་སུངས་ཀྱི་བདེན་དཔང་ཞིག་རེད། ཡ་ང་བའི་འགས་གཏོར་ཚབས་ཆེན་དེ་འདྲ་བྱུང་ཡང་། མི་ལ་ལས་སྔར་བཞིན་དེར་སེམས་ཁུར་སྤུ་ཙམ་ཡང་བྱེད་ཀྱིན་མི་འདུག་ཟེར། ཁོས་བསྟན་དོན། སྐབས་འདིའི་སྲིད་གཞུང་གིས་དེའི་སྔོན་གྱི་རིམ་བྱོན་སྲིད་གཞུང་གི་རུལ་སུངས་བྱ་སྤྱོད་ལ་འགན་ཁུར་མི་སྲིད་ཟེར། 

གཏམ་བཤད་སྤེལ་རྗེས་ཏིས་ཡཱ་པུའུ་ཙུང་ཐུང་བཞུགས་ཤག་ཏུ་སོང་ནས་ཙུང་ཐུང་ཨོ་ཨིན་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད། ཉིན་དེའི་སྔ་དྲོར། ལེ་པཱ་ནུན་གྱི་ཁྲིམས་འཛིན་བློན་ཆེན་ནཱ་ཅི་མུའུ་དང་ནོར་སྲིད་བློན་ཆེན་ཝ་ཙི་ནེ་གཉིས་ཀྱིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཏིས་ཡཱ་པུའུ་ཡིས་ཚེས་བརྒྱད་ཉིན་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་ནས་ལེ་པཱ་ནུན་གྱི་མིག་སྔའི་ཉམས་ཉེན་སྣ་ཚོགས་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན། ཚེས་དགུ་ཉིན། ལེ་པཱ་ནུན་གྱི་གསར་འགྱུར་བློན་ཆེན་སཱ་མཱ་ཏི་དང་ཁོར་ཡུག་བློན་ཆེན་ཁཱ་ཐཱ་ཨར་གཉིས་ཀྱིས་སྔ་གཞུག་ཏུ་ལས་ཁུར་དགོངས་ཞུ་བྱས། 

པེ་རུ་ཐིའི་གྲུ་ཁ་ས་ཁུལ་དུ་ཚེས་བཞི་ཉིན་གྱི་དགོང་མོར་འགས་གཏོར་དྲག་པོ་བྱུང་སྟེ། ད་ལྟའི་བར་མི་བརྒྱ་དང་ང་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་དྲུག་ལྷག་ལ་རྨས་ཕོག གཞན་ཡང་མི་བཅུ་ཕྲག་འགའ་གར་སོང་རྙེད་མེད། འགས་གཏོར་བྱུང་རྗེས། པེ་རུ་ཐི་ནས་བསྟུད་མར་ཉིན་གསུམ་རིང་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་སྟེ། འགས་གཏོར་ཆེན་མོ་བྱུང་བ་དང་དབང་འཛིན་ལས་ཁུངས་ཀྱི་རུལ་སུངས་སོགས་ལ་ངོ་རྒོལ་བྱས་པར་མ་ཟད། རྔམ་སྟོན་ཁྲོམ་སྐོར་མཁན་དང་ཉེན་རྟོག་པའི་བར་འཁྲུག་རྩོད་དྲག་པོ་བྱུང་། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།