སུའུ་ཏན་ལྷོ་མ་ནས་སྲིད་གཞུང་དམག་དཔུང་དང་མེ་མདའ་བཟུང་བའི་མང་ཚོགས་བར་འཁྲུག་རྩོད་དོན་རྐྱེན་བྱུང་སྟེ་མི་བརྒྱ་དང་བཅོ་བརྒྱད་རྐྱེན་ལམ་དུ་ཤོར། 
2020.08.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 69

སུའུ་ཏན་ལྷོ་མའི་བྱང་ཕྱོགས་ཀྱི་ཝ་ལཱ་པུའུ་ཀྲིག་གི་ས་གནས་སྲིད་གཞུང་དཔོན་རིགས་ཤིག་གིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ས་ཁུལ་དེར་ཉེ་སྔོན་སྲིད་གཞུང་དམག་དཔུང་དང་མེ་མདའ་བཟུང་བའི་མང་ཚོགས་བར་འཁྲུག་རྩོད་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བརྒྱ་དང་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

དཔོན་པོ་དེས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཚེས་དགུ་ཉིན་ཝ་ལཱ་པུའུ་ཀྲིག་གི་ཐུང་ཅི་ས་ཁུལ་དུ་ཁྲིམས་འགལ་མེ་མདའ་ཕྱིར་བསྡུ་བའི་འགུལ་སྐྱོད་སྤེལ་སྐབས། ཁྲིམས་འགལ་མེ་མདའ་བཟུང་ཡོད་ལ་བྲོས་བྱོལ་བྱེད་རྩིས་ཡོད་པའི་ན་གཞོན་ཞིག་འཛིན་བཟུང་བྱས། ཕྱོགས་གཉིས་བར་རྩོད་གླེང་བྱུང་བར་མ་ཟད། མཇུག་མཐར་མེ་མདའ་བཟུང་བའི་མང་ཚོགས་དང་སྲིད་གཞུང་དམག་དཔུང་བར་འཁྲུག་རྩོད་བྱུང་བ་རེད། འཁྲུག་རྩོད་དེ་ལས་དམག་མི་སོ་བཞི་དང་མི་སེར་དཀྱུས་མ་གྱ་བཞི་རྐྱེན་ལམ་དུ་ཤོར་ཡོད་ལ། མི་འགར་རྨས་ཕོག་ཡོད། ས་དེའི་སྨན་བཅོས་ཆ་རྐྱེན་ལ་ཚད་ཡོད་པས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད། 

སུའུ་ཏན་ལྷོ་མའི་སྲིད་གཞུང་དམག་དཔུང་གི་མགྲིན་ཚབ་པས་བསྟན་དོན། འཁྲུག་རྩོད་དེ་ལས་དམག་མི་ང་ལྔ་རྐྱེན་ལམ་དུ་ཤོར་ཟེར་ཡང་། ཁོས་མང་ཚོགས་ག་ཚོད་རྐྱེན་ལམ་དུ་ཤོར་བ་གསལ་བོར་བརྗོད་མེད། 

བསྒྲགས་པ་ལྟར་ན། སུའུ་ཏན་ལྷོ་མ་ནས་རྒྱུན་པར་རིགས་རྒྱུད་ཚོ་ཁག་བར་འཁྲུག་རྩོད་འབྱུང་བཞིན་ཡོད་པ་དང་། རང་སྟེང་གི་བདེ་འཇགས་ལ་འགན་སྲུང་བྱེད་ཆེད། མང་ཚོགས་མི་ཉུང་བ་ཞིག་གིས་མེ་མདའ་བཟུང་ཡོད། སུའུ་ཏན་ལྷོ་མའི་སྲིད་གཞུང་གིས་མེ་མདའ་ཕྱིར་བསྡུ་བའི་འགུལ་སྐྱོད་སྤེལ་ཡང་མེ་མདའ་བཟུང་བའི་མང་ཚོགས་མང་བོས་དེར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།