ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་དབྱི་སི་རལ་བར་གྱི་རྒྱུན་ལྡན་འབྲེལ་བ་མངོན་འགྱུར་བྱུང་བ་ཁྱབ་སྒྲོག་བྱས། 
2020.08.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་དབྱི་སི་རལ་བར་གྱི་རྒྱུན་ལྡན་འབྲེལ་བ་མངོན་འགྱུར་བྱུང་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུས་རྒྱལ་བོའི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་བཅས་ཀྱིས་ཉིན་དེར་ཁ་པར་གྲོས་མོལ་བྱས་རྗེས་གྲོས་མཐུན་བཀོད་ནས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་དབྱི་སི་རལ་བར་གྱི་རྒྱུན་ལྡན་འབྲེལ་བ་མངོན་འགྱུར་འབྱུང་བར་ཡིད་འཐད་བྱུང་ཡོད་ཟེར། 

ཕྱོགས་གསུམ་གྱིས་མཉམ་དུ་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། དེ་ནི་ལོ་རྒྱུས་རང་བཞིན་གྱི་ཕྱི་འབྲེལ་གྲུབ་འབྲས་ཤིག་ཡིན་པ་དང་དེས་དབུས་ཤར་གྱི་ཞི་བདེ་ལ་སྐུལ་འདེད་གཏོང་ཐུབ་ཟེར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱིས་མ་འོངས་པའི་གཟའ་འཁོར་འགའི་ནང་གྲོས་མཐུན་འགོད་རྒྱུ་ཡིན་པ་དང་། གཙོ་བོ་དངུལ་གཏོང་དང་གནས་སྐོར། གནམ་གྲུའི་ཐད་གཏོང་། བདེ་འཇགས། ཕན་ཚུན་རྒྱལ་ཁབ་དུ་གཞུང་ཚབ་ཁང་འཛུགས་པ་སོགས་ལ་འབྲེལ་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་རེ་བ་བཏོན་པ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག དབྱི་སི་རལ་གྱིས་ཨ་མེ་རི་ཁའི་དབུས་ཤར་ཞི་བདེའི་འཆར་གཞི་གསར་བའི་ནང་གླེང་བའི་ས་ཁོངས་སུ་བདག་དབང་ལག་བསྟར་བྱེད་མཚམས་འཇོག་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཨ་རབ་དང་དབྱི་སི་ལན་རྒྱལ་ཁབ་གཞན་པའི་བར་གྱི་འབྲེལ་བ་རྒྱ་བསྐྱེད་རྒྱུ་རེད། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེའི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ས་ཁུལ་སྐོར་ཞིག་ཏུ་བདག་དབང་ལག་བསྟར་བྱེད་པའི་འཆར་གཞི་འགྱུར་མི་སྲིད། ཐི་ལིང་ཕུའུ་ཡིས་དབྱི་སི་རལ་གྱིས་གནས་སྐབས་སུ་འཆར་གཞི་དེ་ལག་བསྟར་བྱེད་མཚམས་འཇོག་དགོས་པའི་རེ་བ་ཙམ་བཏོན་ཡོད་ཟེར། 

ཐི་ལིང་ཕུའུ་ཡིས་ཕོ་བྲང་དཀར་པོ་ནས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། དབྱི་སི་རལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་མ་འོངས་པའི་གཟའ་འཁོར་འགའི་ནང་ཕོ་བྲང་དཀར་པོ་ནས་གྲོས་མཐུན་འགོད་རྒྱུ་རེད་ཟེར། 

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་གྱི་རྒྱལ་སྲིད་པུའུ་ཀྲང་ཅཱ་ཨར་ཅཱ་ཧྲི་ཡིས་བསྟན་དོན། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ས་ཞིང་བདག་འཛིན་བྱེད་མཚམས་འཇོག་རྒྱུ་ཁས་ལེན་བྱས་པ་ནི་ཕྱི་འབྲེལ་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་ཐད་ཀར་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་འཁྲུག་རྩོད་ཐད་ནས་དུས་གཏན་དང་རྒྱུན་མཐུད་ཀྱི་ཐག་གཅོད་ཇུས་གཞི་འགོད་པ་ནི་གནད་ཡིན་ཟེར། 

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་གྲོས་མཐུན་དེ་འདྲ་འགོད་པར་ངོ་རྒོལ་དྲག་པོ་བྱས། ཁོས་བལྟས་ན་དེ་ལས་ཕཱ་ལེ་སི་ཐན་མི་དམངས་ལ་གནོད་པ་བཟོས་ཡོད་པར་འདོད། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཀྱང་གྲོས་མཐུན་དེར་རྒོལ་གཏམ་བཏང་བ་དང་། དེ་ལས་བཙན་བཟུང་མཁན་གྱིས་མུ་མཐུད་དུ་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་དབང་འཕྲོག་ལེན་བྱས་ནས་ཨ་རབ་རྒྱལ་ཁབ་དག་གི་འགོག་རྒོལ་ནུས་པ་ཇེ་ཞན་དུ་གཏོང་བའི་སྐུལ་མ་བྱས་ཡོད་པར་འདོད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།