བྷང་ག་ལའི་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཁྲོད་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།
2020.09.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཚེས་དགུ་ཉིན་བྷང་ག་ལའི་ཉེན་རྟོག་ཕྱོགས་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། རྒྱལ་ཁབ་དེའི་རྒྱལ་ས་ཏ་ཁ་བྱང་ཕྱོགས་ཀྱི་ནེ་ཐུའུ་ཁུའུ་ན་ས་ཁུལ་དུ་ཉིན་དེར་གྲུ་གཟིངས་ཆུར་ནུབ་པའི་དོན་རྐྱེན་ཞིག་བྱུང་ནས་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་ཟེར།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཉིན་དེའི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་སྟེང་། བྱེ་མ་སྐྱེལ་འདྲེན་བྱེད་པའི་གྲུ་ཞིག་གིས་འགྲུལ་པ་སུམ་ཅུ་ཙམ་འདྲུད་པའི་ཉ་གྲུ་ཞིག་ལ་གདོང་ཐུག་བརྒྱབ་ནས་ཉ་གྲུ་མགོ་རྟིང་བསློགས། འགྲུལ་བ་ཁ་ཤས་རང་འགུལ་གྱིས་མཚོ་འགྲམ་དུ་བྲོས། ས་གནས་དེ་གའི་རོགས་སྐྱོབ་མི་སྣས་གནས་ཚུལ་དེ་ཐོས་རྗེས་མྱུར་དུ་ཡུལ་དངོས་ནས་རོགས་སྐྱོབ་བྱས། མིག་སྔར་བུད་མེད་ལྔ་དང་བྱིས་པ་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་འགའ་གར་སོང་ཆ་མེད་དུ་གྱུར་ཡོད་ཟེར།

བྷང་ག་ལ་ནི་ཨེ་ཤ་ཡ་ལྷོ་མར་གནས་ཡོད། མངའ་ཁོངས་སུ་ཆུ་བོ་མང་བས། གྲུ་ལ་བརྟེན་ནས་སྐྱེལ་འདྲེན་བྱེད་རྒྱུ་ནི་འགྲིམ་འགྲུལ་བྱེད་སྟངས་གཙོ་བོར་ཆགས་ཡོད། གྲུ་གཟིངས་མི་ཉུང་བ་ཞིག་དུས་ལྟར་ཞིག་གསོ་བྱེད་མ་ཐུབ་པའི་རྐྱེན་གྱིས་དོན་རྐྱེན་སྣ་མང་བསྟུད་མུར་འབྱུང་གིན་ཡོད་ལ། དེ་ལས་གཞན་གྲུའི་ཐེག་ཚད་ལས་བརྒལ་ཏེ་དངོས་ཟོག་སྐྱེལ་འདྲེན་བྱེད་པ་དང་གནམ་གཤིས་ངན་པ་སོགས་ཀྱི་རྒྱུ་རྐྱེན་ཅི་རིགས་ཀྱིས་གྲུ་ཆུར་ནུབ་པའི་དོན་རྐྱེན་བཟོ་བཞིན་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།