ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁོ་གཉིས་ཀྱིས་ཚེས་བཅུ་བཞི་ཉིན་ཨུ་རུ་སིའི་གནས་སྐོར་གྲོང་ཁྱེར་སཱོ་ཆི་ནས་ཐུག་འཕྲད་བྱས་ཏེ་བསྟན་དོན། ཨུ་རུ་སིས་ཨུ་རུ་སི་དཀར་པོར་ཨ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བསྐྱི་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ནོར་སྲིད་དཔོན་པོས་དོན་དག་དེ་སྒྲུབ་འགོ་བརྩམས་ཡོད་ཟེར།
ཨུ་རུ་སིའི་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཐུག་འཕྲད་བྱེད་སྐབས་ལུའུ་ཁ་ཧྲིན་ཁོ་ལ་ཨུ་རུ་སི་དཀར་པོའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས། ཁོས་ཨུ་རུ་སིས་ཨུ་རུ་སི་དཀར་པོའི་མི་དམངས་ཀྱིས་ཕྱིའི་གནོན་ཤུགས་མེད་པའི་གནས་ཚུལ་འོག ལྷིང་འཇགས་ཀྱི་སྣང་ཚུལ་ཁྲོད་གྲོས་མོལ་བྱས་ཏེ་གནད་དོན་ཐག་གཅོད་རྒྱུ་མ་ཟད་ཐུན་མོང་གི་ལྟ་ཚུལ་འབྱུང་བར་རྒྱབ་སྐྱོར་བྱེད་པ་ཡིན་ཞེས་བཤད་སོང་ཟེར།
ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིས་སྔར་བཞིན་ཕྱོགས་གཉིས་ཀྱི་གྲོས་ཆོད་ཡོད་ཚད་བརྩི་སྲུང་བྱེད་པ་ཡིན་ལ། དེའི་ནང་དུ་ཨུ་རུ་སི་ཨུ་རུ་སི་དཀར་པོའི་མནའ་འབྲེལ་ཆིངས་ཡིག་དང་ཐུན་མོང་བདེ་འཇགས་ཆིངས་ཡིག་གི་སྒྲོམ་གཞིའི་འོག་གི་གྲོས་ཆོད་ཡོད་ཚད་འདུ། ཨུ་རུ་སི་དཀར་པོ་ནི་ཨུ་རུ་སིའི་མནའ་གྲོགས་བཟང་པོ་ཡིན་པས། ཨུ་རུ་སིས་དམ་བཅའ་ཡོད་ཚད་ལག་བསྟར་བྱེད་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར།
ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སིས་ཨུ་རུ་སི་དཀར་པོར་ཨ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བསྐྱི་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ནོར་སྲིད་དཔོན་པོས་དོན་དག་དེ་སྒྲུབ་འགོ་བརྩམས་ཡོད། པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཨུ་རུ་སི་དཀར་པོ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་ཉོ་འཚོང་ལ་གནོད་བསྐྱལ་བས། ཕྱོགས་གཉིས་ཀྱིས་བྱེད་ཐབས་སྤྱད་དེ་ཉོ་འཚོང་གི་ཚད་རིམས་ནད་སྔོན་གྱི་ཆུ་ཚད་དུ་སླར་གསོ་བྱེད་དགོས་པར་མ་ཟད། མ་འོངས་པའི་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན་དགོས་ཟེར།
ལུའུ་ཁ་ཧྲིན་ཁོ་ཡིས་བསྟན་དོན། དཔལ་འབྱོར་ནི་གནད་དོན་ཡོད་ཚད་ཀྱི་རྩ་བ་ཡིན་པས། ཨུ་རུ་སི་དཀར་པོས་ཨུ་རུ་སིའི་བར་དུ་དཔལ་འབྱོར་སོགས་ཁྱབ་ཁོངས་ནས་མཉམ་ལས་དམ་པོ་བྱེད་འདོད་ཡོད་ཟེར། ལུའུ་ཁ་ཧྲིན་ཁོ་ཡིས་ཨུ་རུ་སི་དཀར་པོ་དེ་ཨུ་རུ་སིས་ཐོན་སྐྱེད་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་འབྱོར་བའི་རྒྱལ་ཁབ་ཐོག་མར་གྱུར་པའི་ཐད་ནས་ཕུའུ་ཅིན་ལ་བཀའ་དྲིན་ཞུས།
གཞན་ཡང་ཨུ་རུ་སི་དཀར་པོའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ལུའུ་ཁ་ཧྲིན་ཁོ་ཡིས་ཐུག་འཕྲད་ཁྲོད་དུ་ཨུ་རུ་སི་ཕྱོགས་དང་ཕུའུ་ཅིན་མི་སྒེར་གྱིས་ཨུ་རུ་སི་དཀར་པོའི་ཙུང་ཐུང་འདེམ་བསྐོའི་རྗེས་སུ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་པ་དང་། ཁོས་ཨུ་རུ་སི་དཀར་པོ་དང་ཨུ་རུ་སི་གཉིས་ཀྱིས་དམག་དོན་དང་དཔལ་འབྱོར་ཁྱབ་ཁོངས་ནས་མུ་མཐུད་དུ་མཉམ་ལས་ལ་ཤུགས་སྣོན་དགོས་ཞེས་བཤད་ཟེར། ཨུ་རུ་སི་དཀར་པོ་ནས་ཉེ་སྔོན་བྱུང་བའི་ངོ་རྒོལ་བྱ་འགུལ་ཐད་ནས། ལུའུ་ཁ་ཧྲིན་ཁོ་ཡིས་ངོ་རྒོལ་པ་རྣམས་ཚད་ལས་མི་བརྒལ་རྒྱུ་ནི་གལ་ཆེན་པོ་ཡིན་ཞེས་བཤད་ཟེར།
འདི་ནི་ཨུ་རུ་སི་དཀར་པོའི་ཙུང་ཐུང་འདེམ་བསྐོའི་རྗེས་དང་། རྒྱལ་ནང་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱ་འགུལ་མཚམས་ཆད་མེད་པའི་གནས་ཚུལ་འོག་ལུའུ་ཁ་ཧྲིན་ཁོ་ཡིས་ཐོག་དང་པོར་ཕྱི་རྒྱལ་ལ་འཚམས་འདྲི་བྱས་པ་རེད། ད་ལོའི་ཟླ་བརྒྱད་པའི་ཚེས་དགུ་ཉིན། ཨུ་རུ་སི་དཀར་པོས་ཙུང་ཐུང་འདེམ་བསྐོ་བྱས་པ་དང་། ལུའུ་ཁ་ཧྲིན་ཁོ་ལ་འདེམ་ཤོག་བརྒྱ་ཆའི་བརྒྱད་ཅུ་ལྷག་ཐོབ་ནས་བསྟུད་མར་ཙུང་ཐུང་གི་འགན་ཁུར། དེའི་རྗེས་སུ་མེན་སི་ཁོ་སོགས་གྲོང་ཁྱེར་ནས་གཞི་རྒྱ་ཅུང་ཆེ་བའི་ངོ་རྒོལ་བྱ་འགུལ་ཐེངས་མང་སྤེལ་ནས། འདེམ་བསྐོའི་མཇུག་འབྲས་ལ་དོགས་སློང་བྱས། ཨུ་རུ་སི་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་གནས་བབ་རྒྱུན་ལྡན་དུ་བསྒྱུར་བར་རྒྱབ་སྐྱོར་བྱེད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཨུ་རུ་སི་དཀར་པོའི་རྒྱལ་ནང་གི་དོན་དག་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པ་ཡིན་ཞེས་ཐེངས་མང་བསྟན་མྱོང་།
ལོ་ཙཱ་བ། ཕྱུག་ལོ།