ས་དཀྱིལ་རྒྱ་མཚོ་ཤར་མ་ས་ཁུལ་གྱི་འགལ་བ་བསྟུད་མར་ཛ་དྲག་ཏུ་གྱུར་པ་དང་ཕྱོགས་མང་པོས་གྲོས་མོལ་བྱས་ཏེ་འགལ་བ་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་།
2020.09.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

ཐུར་ཁེའི་ཕྱི་འབྲེལ་དཔོན་པོ་ཆ་ཝུའུ་ཧྲིན་ཨོ་ལུའུ་ཡིས་ཚེས་བཅུ་བཞི་ཉིན་བསྟན་དོན། ཐུར་ཁེའི་ས་དཀྱིལ་རྒྱ་མཚོ་ཤར་མ་ས་ཁུལ་དུ་ལས་ཀ་ལས་བཞིན་པའི་ཨོ་ལུའུ་ཆི·ལེ་དབྱི་སི་རྟགས་ཅན་གྱི་གཏེར་འཚོལ་གྲུ་གཟིངས་དེ་ཕྱིར་རྒྱལ་ནང་དུ་ལོག་ནས་དངོས་རྫས་ཁ་གསབ་དང་ཞིག་གསོ་བྱེད་བཞིན་ཡོད་ལ། དེས་ཐུར་ཁེས་ས་དཀྱིལ་རྒྱ་མཚོ་ཤར་མ་ས་ཁུལ་དུ་གཏེར་འཚོལ་བའི་སྲིད་ཇུས་བསྒྱུར་བ་མི་མཚོན་ཟེར།

ཉེ་སྔོན་བསྡུས་པའི་ས་དཀྱིལ་རྒྱ་མཚོའི་ས་ཁུལ་དང་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བདུན་པའི་སྟེང་། ཧྥ་རན་སི་དང་དབྱི་ཐ་ལི་སོགས་ཡོ་རོབ་གླིང་ལྷོ་མའི་རྒྱལ་ཁབ་བདུན་གྱི་འགོ་ཁྲིད་པས་ཕྱོགས་སོ་སོས་གྲོས་མོལ་བརྒྱུད་ནས་འགལ་བ་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་། ཚོགས་འདུ་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་དུ། གལ་ཏེ་ཐུར་ཁེས་རང་གི་བྱ་འགུལ་མཚམས་མི་འཇོག་པ་དང་། གྲོས་མོལ་བྱས་ཏེ་འགལ་བ་ཐག་མི་གཅོད་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀག་སྡོམ་བྱེད་ཐབས་ཀྱི་གསལ་ཁྲ་ཞིག་གཏན་འབེབས་བྱ་རྩིས་ཡོད་ཅེས་ཉེན་བརྡ་བཏང་ཡོད།

ཉེ་སྔོན། ཐུར་ཁེ་དང་ཞི་ལ་རྒྱལ་ཁབ་གཉིས་བར་གྱི་དྲག་ཤུགས་འགལ་བ་ཚབས་ཇེ་ཆེར་འགྲོ་བཞིན་ཡོད། སྨྱན་སྦྱོར་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉི་གས་ཉེ་སྔོན་མཚོ་ཐོག་ནས་དམག་དོན་འཁྲབ་སྟོན་བྱས་ཏེ་སྟོབས་ཤུག་ངོམས། ཐུར་ཁེས་ཉེ་སྔོན་ཡང་བསྐྱར་དམག་དཔུང་གི་གནམ་གྲུ་མང་པོ་ཨེ་ཆིན་རྒྱ་མཚོའི་ཤར་བྱང་ཕྱོགས་དང་དབུས་ཕྱོགས་ཀྱི་བར་སྣང་དུ་མངགས་པ་དང་། ཞི་ལའི་མཁའ་དམག་གིས་གནམ་གྲུ་མངགས་ནས་དེ་བཀག

ཐུར་ཁེ་དང་ཞི་ལ། སའེ་ཕུའུ་ལུའུ་སི་བཅས་བར་དུ་ས་དཀྱིལ་རྒྱ་མཚོ་ཤར་མ་ནས་སྣུམ་རླངས་ཐོན་ཁུངས་སྔོག་འདོན་བྱེད་པའི་གནད་དོན་ཐད་འགལ་བ་བྱུང་སྟེ་ཡུན་རིང་པོ་འགོར་ཡོད། ན་ནིང་ཐུར་ཁེས་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་བར་དུ་རྒྱལ་ཁབ་གཉིས་ཀྱི་ས་དཀྱིལ་རྒྱ་མཚོའི་མཚོ་དོན་དོ་དམ་དབང་ཆའི་བཟོད་སྒོམ་བརྗེད་ཐོ་བཀོད་དེ། ས་དཀྱིལ་རྒྱ་མཚོ་ཤར་མ་ནས་ཆེད་དུ་དབང་བའི་དཔལ་འབྱོར་ཁུལ་སྔར་ལས་རྒྱ་ཆེན་པོ་ལེན་རྩིས་བྱས་ནའང་། ཞི་ལ་དང་སའེ་ཕུའུ་ལུའུ་སི་གཉིས་ཀྱིས་དེར་ངོ་རྒོལ་དྲག་པོ་བྱས། ད་ལོའི་ཟླ་བརྒྱད་པའི་ཚེས་དྲུག་ཉིན། ཞི་ལས་ཨེ་ཅིབ་བར་དུ་མཚོ་ཐོག་མཐའ་མཚམས་གྲོས་ཆོད་བཀོད་པ་དང་། ཕྱོགས་གཉིས་ཀྱིས་མཚོ་ཐོག་ཆེད་གཏོགས་དཔལ་འབྱོར་ཁུལ་བཙུགས་པ་ཁྱབ་བསྒྲགས་བྱས་པར། ཐུར་ཁེ་ཕྱོགས་ཁོང་ཁྲོ་དྲག་པོ་ལངས། དེའི་རྗེས་སུ་ཐུར་ཁེས་ས་དཀྱིལ་རྒྱ་མཚོ་ཤར་མའི་རྩོད་གཞིར་གྱུར་པའི་མཚོ་ཁོངས་ཀྱི་རང་བྱུང་སོལ་རླངས་རྩད་ཞིབ་བྱ་འགུལ་ཡང་བསྐྱར་སྤེལ་བས། ཞི་ལ་དང་སའེ་ཕུའུ་ལུའུ་སི་གཉིས་དེར་ཧ་ཅང་མ་དགའ་བར་གྱུར།

མིག་སྔར་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཀྱང་ཐུར་ཁེ་དང་ཞི་ལ་གཉིས་ཀྱི་རྩོད་གཞིའི་ཁྲོད་ཞུགས་ཚད་རྒྱུན་ཆ་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད། ཨ་མེ་རི་ཁའི་སྲིད་གཞུང་གིས་ཉེ་སྔོན་སའེ་ཕུའུ་ལུའུ་སི་ལ་མཚོན་ཆ་བཙོང་མཚམས་འཇོག་པའི་བཀའ་རྒྱ་ཁ་ཤས་མེད་པར་བཏང་བ་ཡིན་ཞེས་བསྒྲགས་པར་མ་ཟད། སའེ་ཕུའུ་ལུའུ་སི་རྒྱལ་ཁབ་ཀྱིས་ཨུ་རུ་སིའི་དམག་གྲུ་མཚོ་ཁར་བཅར་དུ་མི་འཇུག་རྒྱུའི་རེ་བ་བཏོན་པར། ཨུ་རུ་སི་ཕྱོགས་ཀྱིས་ངོ་རྒོལ་དྲག་པོ་བྱས། ཆ་ཝུའུ་ཧྲིན་ཨོ་ལུའུ་ཡིས་ཨ་མེ་རི་ཁའི་བྱ་སྤྱོད་དེས་ས་ཁུལ་གྱི་གནས་བབ་སྔར་ལས་ཀྱང་ཛ་དྲག་ཏུ་གཏོང་སྲིད་ཅེས་སྐྱོན་བརྗོད་བྱས། ཟླ་དགུ་པའི་ཚེས་བརྒྱད་ཉིན། ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་སའེ་ཕུའུ་ལུའུ་སི་ལ་འཚམས་འདྲི་བྱས་ཏེ། ཨུ་རུ་སིས་སའེ་ཕུའུ་ལུའུ་སི་དང་ཐུར་ཁེའི་བར་དུ་དངོས་སུ་གྲོས་མོལ་བྱེད་པར་སྐུལ་འདེད་བཏང་ནས། འདྲ་མཉམ་ཡིན་པར་མ་ཟད་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་འཛིན་པའི་ཐག་གཅོད་བྱེད་ཐབས་ཤིག་འཚོལ་རྒྱུ་ཡིན་ཞེས་བསྟན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨ་མེ་རི་ཁའི་འབྲེལ་ཡོད་བྱ་སྤྱོད་ཀྱིས་འགལ་བ་ཇེ་ཆེར་བཏང་བ་མ་གཏོགས། ས་ཁུལ་གྱི་གནད་དོན་ཞི་བས་ཐག་གཅོད་པར་ཕན་ཐོགས་ཅི་ཡང་མེད་ཅེས་སྐྱོན་བརྗོད་བྱས།

སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། དེང་སྐབས་ས་དཀྱིལ་རྒྱ་མཚོ་ཤར་མའི་འགལ་བ་དེ་སྣུམ་རླངས་ཐོན་ཁུངས་འཕྲོག་རྩོད་བྱེད་པ་ནས་ས་འབྲེལ་ཆབ་སྲིད་དང་བདེ་འཇགས་ཕྱོགས་ཀྱི་འགྲན་འཐབ་ཏུ་གྱུར་ཡོད། ཕྱོགས་མང་པོས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཞི་བའི་གྲོས་མོལ་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་ནའང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱས་པ་དང་བསྟུན་ནས། ས་ཁུལ་དེའི་ཛ་དྲག་གི་གནས་བབ་སྔར་ལས་ཚབས་ཇེ་ཆེར་འགྲོ་ཉེན་ཆེ་ཟེར།

ལོ་ཙཱ་བ། ཕྱུག་ལོ།