བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པི་ཡའི་རོགས་སྐྱོར་ཚོགས་པ་དང་ཨ་ཧྥུའུ་ཧན་གྱི་རོགས་སྐྱོར་ཚོགས་པའི་འགན་ཁུར་ཡུན་ཇེ་རིང་ལ་བཏང་།
2020.09.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཚེས་བཅོ་ལྔ་ཉིན་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པི་ཡར་ཆེད་དུ་མངགས་པའི་རོགས་སྐྱོར་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥུའུ་ཧན་ལ་ཆེད་དུ་མངགས་པའི་རོགས་སྐྱོར་ཚོགས་པའི་འགན་ཁུར་ཡུན་ལོ་གཅིག་གིས་ཇེ་རིང་ལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཉིན་དེར་གྲོས་ཆོད2542པར་གྲོས་འཆམ་བྱུང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པི་ཡར་ཆེད་དུ་མངགས་པའི་རོགས་སྐྱོར་ཚོགས་པའི་འགན་ཁུར་ཡུན་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་བར་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུའི་ཐག་བཅད།

གྲོས་ཆོད་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པི་ཡར་ཆེད་དུ་མངགས་པའི་རོགས་སྐྱོར་ཚོགས་པས་ལི་པི་ཡའི་དཀྱེལ་ཡངས་རང་བཞིན་གྱི་ཆབ་སྲིད་འཕེལ་རིམ་དང་ལི་པི་ཡའི་བདེ་འཇགས་དང་དཔལ་འབྱོར་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། ལི་པི་ཡའི་ཆབ་སྲིད་གྲོས་ཆོད་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ལི་པི་ཡའི་དམག་འཁྲུག་མཚམས་འཇོག་རྒྱུ་མ་ཟད་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ། ལི་པི་ཡའི་རྗེས་མཐུད་བར་བརྒལ་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་རྒྱུ་བཅས་ཀྱི་རེ་བ་བཏོན་ཡོད།

དེའི་རྗེས་སུ་བདེ་འཇགས་ལས་འཛིན་ལྷན་ཚོགས་གྲོས་ཆོད2543པར་གྲོས་འཆམ་བྱུང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥུའུ་ཧན་ལ་ཆེད་དུ་མངགས་པའི་རོགས་སྐྱོར་ཚོགས་པའི་འགན་ཁུར་ཡུན་དེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དགུ་པའི་ཚེས་བཅུ་བདུན་ཉིན་བར་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུའི་ཐག་བཅད། གྲོས་ཆོད་ནང་དུ་ཨ་ཧྥུའུ་སྲིད་གཞུང་དང་ཐ་ལེ་པན་གྱི་འཐུས་ཚབ་པས་ཟླ་འདིའི་ཚེས་བཅུ་གཉིས་ཉིན་ཁ་ཐར་རྒྱལ་ཁབ་ཀྱི་ཏོ་ཧ་ནས་གྲོས་མོལ་བྱེད་འགོ་བརྩམས་པར་དགའ་བསུ་ཞུས་པ་དང་། གྲོས་མོལ་གྱི་ཕྱོགས་གཉི་གས་ཕན་ཚུན་ལ་ཡིད་ཆེས་བྱེད་པའི་ཐབས་ཤེས་མུ་མཐུད་དུ་འཚོལ་ཞིབ་བྱེད་པ་དང་། གྲོས་མོལ་ཁྲོད་དུ་རང་གི་ལྷག་བསམ་མཚོན་པར་བྱས་ཏེ། དུས་གཏན་གྱི་ཕྱོགས་ཡོངས་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་འགོད་པ་དང་དཀྱེལ་ཡངས་རང་བཞིན་གྱི་ཆབ་སྲིད་ཀྱི་ཐག་གཅོད་ཐབས་ཤེས་འབྱུང་བར་སྟབས་བདེ་བསྐྲུན་དགོས་པའི་འབོད་སྐུལ་བཏང་ཡོད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་བཅུ་གཅིག་ལོའི་ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པི་ཡར་ཆེད་དུ་མངགས་པའི་རོགས་སྐྱོར་ཚོགས་པ་བཙུགས་ཏེ། ལི་པི་ཡ་རུ་དམག་འཁྲུག་རྗེས་ཀྱི་བསྐྱར་འཛུགས་བྱེད་པར་རོགས་རམ་བྱ་རྒྱུའི་ཐག་བཅད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥུའུ་ཧན་ལ་ཆེད་དུ་མངགས་པའི་རོགས་སྐྱོར་ཚོགས་པ་ནི་ཉིས་སྟོང་གཉིས་ལོའི་ཟླ་གསུམ་པར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་ནས་བཙུགས་པའི་ཆབ་སྲིད་རོགས་སྐྱོར་ཚོགས་པ་ཡིན་ལ། དེའི་དམིགས་ཡུལ་ནི་ཨ་ཧྥུའུ་ཧན་གྱི་བསྐྱར་འཛུགས་བྱ་བར་རོགས་རམ་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་དེ་རེད།

ལོ་ཙཱ་བ། ཕྱུག་ལོ།