དབྱི་སི་རལ་གྱིས་ཕོ་བྲང་དཀར་པོའི་ནང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་པ་རེན་གཉིས་བར་འབྲེལ་བ་རྒྱུན་ལྡན་དུ་བསྒྱུར་བའི་གྲོས་མཐུན་བཀོད།
2020.09.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཚེས་བཅོ་ལྔ་ཉིན་ཕོ་བྲང་དཀར་པོའི་ནང་འགོ་མཛིན་བྱས་ནས་དབྱི་སི་རལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་པ་རེན་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་བསྒྱུར་བའི་གྲོས་མཐུན་འགོད་པའི་མཛད་སྒོ་བསྡུས། ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཉིན་དེར་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁ་དང་དབྱི་སི་རལ་གཉིས་ཀྱིས་ཕ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁས་ལེན་མ་བྱས་ན། དབུར་ཤར་ས་ཁུལ་གྱི་ཞི་བདེ་མངོན་འགྱུར་བྱེད་མི་སྲིད་ཟེར།

གྲོས་མཐུན་འགོད་པའི་མཛད་སྒོ་དེ་ཉིན་དེའི་ཕྱི་དྲོར་ཕོ་བྲང་དཀར་པོའི་སྤང་ཐང་ནུབ་མ་ནས་བསྡུས་པ་དང་། མི་བརྒྱ་ལྷག་མཛད་སྒོར་ཞུགས། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ཉི་ཡ་ཧུའུ་ཡིས་སྔ་གཞུག་ཏུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལཱ་དང་པ་རེན་གྱི་ཕྱི་འབྲེལ་བློན་ཆེན་ཀྲ་ཡེ་ཉི་གཉིས་དང་འབྲེལ་བ་རྒྱུན་ལྡན་དུ་བསྒྱུར་བའི་གྲོས་མཐུན་བཀོད་པ་དང་། ཐི་ལང་ཕུའུ་གྲོས་མཐུན་འགོད་པའི་ཁྲོད་ཞུགས།

ཐི་ལང་ཕུའུ་ཡིས་གྲོས་མཐུན་མ་བཀོད་པའི་སྔོན་དུ་བཤད་རྒྱུར། དེ་ནི་དབུས་ཤར་གསར་བ་འགོ་བརྩམས་པ་ཡིན་ལ། དེ་ལས་གཞན་ཉུང་མཐར་ཡང་རྒྱལ་ཁབ་ལྔས་དབྱི་སི་རལ་བར་འབྲེལ་བ་འཛུགས་རྒྱུ་རེད་ཟེར། ནེ་ཐཱ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར་ཉིན་དེ་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཡིན་པ་དང་། དབྱི་སི་རལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པ་རེན་གསུམ་གྱིས་གྲོགས་པོའི་འབྲེལ་བ་ཡོད་པ་དང་དར་རྒྱས་དང་ཞི་བདེའི་མ་འོངས་པ་ཞིག་བསྐྲུན་འདོད་ཡོད་ཟེར།

ཨ་པུའུ་ཏུའུ་ལཱ་ཡིས་གཏམ་བཤད་སྐབས་ནེ་ཐཱ་ཉི་ཡ་ཧུའུ་ཡིས་ཕ་ལེ་སི་ཐན་གྱི་རྒྱལ་ཁོངས་ཁྱུར་མུད་གཏོང་མཚམས་བཞག་པར་བཀའ་དྲིན་ཞུས་པ་ཡིན་ཟེར།  ཀྲ་ཡེ་ཉི་ཡིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ཡིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གཉིས་ཀྱི་གནད་དོན་ཐག་གཅོད་རྒྱུ་ནི་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པའི་རྨང་རྡོ་ལྟ་བུ་ཡིན་ཞེས་ནན་གྱིས་བསྟན།

ཉིན་དེར། ཨ་པཱ་སི་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། གལ་ཏེ་དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་རྒྱལ་ཁོངས་བཙན་བཟུང་བྱེད་མཚམས་མི་འཇོག་པ་དང་། ཕ་ལེ་སི་ཐན་མི་དམངས་ཀྱིས་རྒྱལ་སྤྱིའི་ཁྲིམས་མཐུན་རང་བཞིན་གྱི་གྲོས་ཆོད་སྣ་ཚོགས་ལྟར་དབང་ཆ་ཆ་ཚང་བཀོལ་སྤྱོད་བྱེད་དུ་མ་བཞག་ན། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་གཏན་འཇགས་མངོན་འགྱུར་བྱེད་མི་སྲིད་ཟེར། གསལ་བསྒྲགས་ནང་བཤད་རྒྱུར། ཕ་ལེ་སི་ཐན་གྱིས་ནམ་ཡང་མི་གང་རུང་ལ་ཕ་ལེ་སི་ཐན་མི་དམངས་དང་ཕ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱི་ཚབ་བྱས་ཏེ་གཏམ་བཤད་དུ་འཇུག་མི་སྲིད་ཟེར།