ཅན་དབྱེ་ཝེ་བདེ་བླག་ངང་འཇར་པན་གྱི་སྐབས་གོ་དགུ་བའི་དབུ་བཞུགས་བློན་ཆེན་དུ་བདམས། 
2020.09.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 89

ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། ཏུང་ཅིན་དུ་ཡོད་པའི་འཇར་པན་རྒྱལ་ཚོགས་དམངས་གྲོས་ཁང་ནས། རང་དབང་དམངས་གཙོ་ཏང་གི་ཙུང་ཚེ་ཅན་དབྱེ་ཝེ་ཡིས་གུས་ཕྱག་འབུལ་བཞིན་པ། 

འཇར་པན་གྱིས་ཚེས་བཅུ་དྲུག་ཉིན་གནས་སྐབས་ཀྱི་རྒྱལ་ཚོགས་ནས་དབུ་བཞུགས་བློན་ཆེན་གྱི་མིང་འདོན་པའི་འདེམ་བསྐོའི་བྱ་འགུལ་སྤེལ་ནས། སྲིད་འཛིན་ཏང་རང་དབང་དམངས་གཙོ་ཏང་གི་ཙུང་ཚེ་ཅན་དབྱེ་ཝེ་བདེ་བླག་ངང་འཇར་པན་གྱི་དབུ་བཞུགས་བློན་ཆེན་དུ་བདམས་ཐོན་བྱུང་བ་དང་། ཉིན་དེར་ནེ་ཀི་གསར་བ་རྩ་འཛུགས་བྱས། 

ཉིན་དེའི་ཕྱི་དྲོར། ཅན་དབྱེ་ཝེ་ཡིས་དམངས་གྲོས་ཁང་གི་འདེམ་ཤོག་བཞི་བརྒྱ་དང་རེ་གཉིས་ཁྲོད་ཀྱི་འདེམ་ཤོག་སུམ་བརྒྱ་དང་བཅུ་བཞི་ཐོབ་པ་དང་། གྲོས་ཞུགས་ཁང་གི་འདེམ་ཤོག་ཉིས་བརྒྱ་དང་བཞི་བཅུ་ལས་འདེམ་ཤོག་བརྒྱ་དང་ཞེ་གཉིས་ཐོབ་ནས། འདེམ་ཤོག་ཐོབ་ཚད་ཕྱེད་ཀ་ལས་བརྒལ་བ་དང་། བདེ་བླག་ངང་འཇར་པན་གྱི་དབུ་བཞུགས་བློན་ཆེན་དུ་བདམས་པ་རེད། ཅན་དབྱེ་ཝེ་ཡིས་མྱུར་མོར་ནེ་ཀི་རྩ་འཛུགས་བྱས་པ་དང་། ནེ་ཀི་གསར་བས་ཉིན་དེའི་དགོང་མོར་གོང་མའི་ཕོ་བྲང་ནས་དབུ་བཞུགས་བློན་ཆེན་གྱི་བསྐོ་འཇོག་མཛད་སྒོ་དང་ནེ་ཀིའི་བློན་ཆེན་གྱི་ངོས་ལེན་མཛད་སྒོ་དངོས་སུ་སྤེལ་བ་རེད། 

འཇར་པན་གྱི་དབུ་བཞུགས་བློན་ཆེན་དེ་སྲིད་ཏང་གིས་མིང་འདོན་བྱེད་པ་དང་། རྒྱལ་ཚོགས་གྲོས་ཁང་གཉིས་ཀྱི་གྲོས་མིས་འདེམ་ཤོག་འཕངས་ནས་བདམས་པ་རེད། གྲོས་ཁང་གཉིས་ཀྱི་གྲོས་མིའི་ཕྱེད་ཀའི་ཡན་གྱི་འདེམ་ཤོག་ཐོབ་ན་དབུ་བཞུགས་བློན་ཆེན་དུ་གདམ་ཆོག་པ་དང་། སྤྱིར་བཏང་དུ་རྒྱལ་ཚོགས་ཀྱི་མང་ཆེ་བའི་ཏང་ཁག་གི་གཙོ་འཛིན་གྱིས་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་དགོས་པ་རེད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།