མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་ལྔ་བ་སྤེལ་མགོ་བརྩམས། 
2020.09.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་ལྔ་བའི་ཀྲུའུ་ཞི་པའོ་ཙི་ཁི་ཨར་གྱིས་མགོ་འཛིན་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་ལྔ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། 

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་བཞི་བའི་མཇུག་བསྡུའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ། 

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་ལྔ་བ་ཚེས་བཅོ་ལྔ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་མགོ་བརྩམས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་ལྔ་བའི་ཀྲུའུ་ཞི་པའོ་ཙི་ཁི་ཨར་གཉིས་ཀྱིས་ནན་གྱིས་བསྟན་དོན། འཇིགས་ཉེན་དང་འགྲན་རྩོད་མང་བོར་འཕྲད་ཡོད་པ་དང་། ཁྱད་པར་དུ་པྲོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་རྒྱ་ཡན་དུ་འགྲོ་བའི་སྐབས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། ཕྱོགས་གཅིག་རིང་ལུགས་ལ་བཀག་འགོག་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡིད་ཆེས་ཆགས་པར་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལྡན་མིན་པའི་ལོ་ཞིག་ཡིན། ཕན་ནུས་ལྡན་པའི་སྒོ་ནས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཕྲོད་བསྟེན་མ་ལག་ལེགས་བསྒྱུར་བྱེད་པ་དང་། གསོ་བཅོས་ཐོན་ཁུངས་དང་འགོག་སྨན་སོགས་གསར་སྤེལ་དང་འདྲ་མཉམ་བགོ་བཤའ་བྱེད་པའི་ཐབས་ལ་རྒྱབ་སྐྱོར་བྱས་ཏེ་རིམས་ནད་ཀྱི་ཐད་ཀར་ཤུགས་རྐྱེན་ཐག་གཅོད་བྱེད་དགོས། རྒྱལ་སྤྱིའི་མ་ལག་ཁྲོད་རྨང་གཞིར་གྱུར་བའི་ཕྱོགས་མང་རིང་ལུགས་དང་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཡིན་པའི་ཆ་ནས། འཛམ་གླིང་ཧྲིལ་བོའི་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་བ་ཆེན་པོ་བཅངས་ཡོད་པས། དུས་རབས་ཉེར་གཅིག་པར་དྲ་རྒྱ་ཅན་དང་བཟོད་སྒོམ་ལྡན་པའི་ཕྱོགས་མང་རིང་ལུགས་འཛུགས་པར་འབད་བརྩོན་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་ད་རུང་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དང་ཕཱ་ལེ་སི་ཐན་གྱི་ནམ་ཟླའི་གྲོས་ཆོད་ལ་སྐུལ་འདེད་བཏང་བའི་རྨང་གཞིའི་སྟེང་། རིམས་ནད་རྗེས་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་མུ་མཐུད་དུ་ཞི་བདེ་དང་བདེ་འཇགས། དམག་དོན་ཉུང་འཕྲི། འགྲོ་མིའི་ཐོབ་ཐང་། ཕོ་མོ་འདྲ་མཉམ་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་མང་བོའི་ཐད་ནས་བྱ་བ་སྤེལ་རྒྱུ་ཡིན་ཟེར། 

པའོ་ཙི་ཁི་ཨར་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་མ་ལག་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དགོངས་དོན་རྒྱུན་འཁྱོངས་བྱས་ཏེ་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་དགོས་ཟེར། 

དེ་ལས་གཞན་པའོ་ཙི་ཁི་ཨར་གྱིས་ཉིན་དེར་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་བཞི་བའི་མཇུག་བསྡུའི་མཛད་སྒོའི་སྟེང་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ལས་མི་རེ་འགས་ཕྱོགས་གཅིག་འགུལ་སྐྱོད་ལ་དག་འབུད་བྱས་ཏེ། སྒྲིག་སྲོལ་གཞིར་བཟུང་བའི་རྒྱལ་སྤྱིའི་མ་ལག་ཇེ་ཞན་དུ་གཏོང་བཞིན་ཡོད། རྒྱལ་ཁབ་གང་ཡིན་ཡང་ཁེར་རྐྱང་དུ་རིམས་ནད་འདི་ཐག་གཅོད་བྱེད་ཐབས་མེད་པ་དང་། ཕྱོགས་གཅིག་རིང་ལུགས་ཀྱིས་རིམས་ནད་དེ་སྔར་ལས་ཚབས་ཆེན་དུ་འགྱུར་སྲིད་ལ། དེ་ལྟར་བྱས་ན་ང་ཚོའི་ཐུན་མོང་གི་དམིགས་འབེན་དང་རིང་དུ་གྱེས་པ་རེད་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།