ཨ་ཧྥུའུ་ཧན་གྱི་ས་ཁུལ་མང་བོར་འཁྲུག་རྩོད་བྱུང་སྟེ་མི་ང་བཞི་རྐྱེན་ལམ་དུ་ཤོར། 
2020.09.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཨ་ཧྥུའུ་ཧན་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་བཅུ་བདུན་ཉིན་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་དང་ནུབ་ཕྱོགས་ཀྱི་པཱ་ཏི་ཅི་སི་ཞིང་ཆེན་དུ་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་བར་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་མི་ཉེར་གསུམ་དང་དྲག་ཆས་ཉེས་ཅན་སོ་གཅིག་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ནན་ཀི་ཧཱ་ཨར་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཧུའུ་ཅི་ཡཱ་ནེ་ཡིས་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་དྲག་ཆས་ཉེས་ཅན་གྱིས་ཧུའུ་ཅི་ཡཱ་ནེ་དང་ཞེ་ཨར་ཀྲ་ཏི། ཞི་སཱ་ལཱ་ཁི་སོགས་ས་ཁུལ་ནས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་དཔུང་འཇུག་བྱས་པ་དང་། བདེ་འཇགས་དམག་དཔུང་གིས་དེའི་རྗེས་སུ་ཕྱིར་རྒོལ་ལན་སྤྲད་དེ། བསྡོམས་པས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གི་དམག་མི་ཉི་ཤུ་དང་དྲག་ཆས་ཉེས་ཅན་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དམག་མི་བཅུ་དྲུག་དང་དྲག་ཆས་ཉེས་ཅན་ཉི་ཤུར་རྨས་ཕོག་ཡོད་ཟེར། 

པཱ་ཏི་ཅི་སི་ཞིང་ཆེན་གྱི་ཁཱ་ཏིས་སི་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཞེ་ལི་ཧྥེ་ཡིས་གསར་འགོད་པར་བཤད་རྒྱུར། ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ས་ཁུལ་དེའི་སྲིད་གཞུང་གཞུང་སྒྲུབ་ཐོག་ཁང་ཆེན་མོ་བཙན་བཟུང་བྱེད་རྩིས་བྱས་ཀྱང་། བདེ་འཇགས་དམག་དཔུང་གིས་མཐར་སྐྲོད་བཏང་། དམག་མི་གསུམ་དང་དྲག་ཆས་ཉེས་ཅན་གཉིས་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དམག་མི་དྲུག་དང་དྲག་ཆས་ཉེས་ཅན་ལྔར་རྨས་ཕོག་ཡོད་ཟེར། 

ཧུའུ་ཅི་ཡཱ་ནེ་དང་ཞེ་ལི་ཧྥེ་གཉིས་ཀྱིས་ཐཱ་ལེ་པན་གྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པར་སྐྱོན་འཛུགས་བྱས། ཡིན་ཡང་ཐཱ་ལེ་པན་ཕྱོགས་ཀྱིས་པཱ་ཏི་ཅི་སི་ཞིང་ཆེན་ནས་འཇབ་རྒོལ་བྱས་པ་ཁས་ལེན་བྱས་ཀྱང་། ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་འཁྲུག་རྩོད་ཐད་ནས་བསམ་ཚུལ་ཅི་ཡང་བསྟན་མེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།