དབྱི་ལིང་ཙུང་ཐུང་གིས་ཨ་མེ་རི་ཁའི་བརྙས་བཅོས་བྱ་སྤྱོད་ལ་ངོ་རྒོལ་དྲག་པོ་བྱེད་རྒྱུའི་ཚུལ་བསྟན། 
2020.09.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 47

དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་ཉི་ཤུ་ཉིན་བསྟན་དོན། ཨ་མེ་རི་ཁའི་དབྱི་ལིང་ལ་ཐལ་དྲགས་པའི་གནོན་ཤུགས་སྟེར་བའི་སྲིད་ཇུས་སྤྱད་པར་ཨ་མེ་རི་ཁ་ཆབ་སྲིད་དང་བཅའ་ཁྲིམས་ཐད་ནས་ཁེར་རྐྱང་དུ་གྱུར་ཡོད། གལ་ཏེ་ཨ་མེ་རི་ཁས་དབྱི་ལིང་ལ་བརྙས་བཅོས་བྱ་སྤྱོད་སྤེལ་ན། དབྱི་ལིང་ཕྱོགས་ཀྱིས་ངོ་རྒོལ་དྲག་པོ་བྱེད་ངེས་ཡིན་ཟེར། 

ལུའུ་ཧཱ་ནེ་ཡིས་ཉིན་དེར་ནེ་ཀིའི་གྲོས་ཚོགས་སྟེང་བསྟན་དོན། ཨ་མེ་རི་ཁ་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབྱི་ལིང་གི་བཀག་སྡོམ་སླར་གསོ་བྱེད་པའི་ཐད་བྱ་བ་མང་བོ་བསྒྲུབས་པ་དང་། ཉེ་བའི་ཟླ་ངོ་འགའི་རིང་སྣང་ཚུལ་དེ་ལྷག་ཏུ་མངོན་གསལ་རེད། ད་ལྟ་བྱ་སྤྱོད་དེ་རིགས་ཨ་མེ་རི་ཁ་ཕམ་ཉེས་སུ་འགྲོ་བའི་གནད་དུ་གྱུར་ཡོད་ཟེར། 

ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། ཟླ་སྔོན་མར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔའི་ཁྲོད་བཅུ་གསུམ་གྱིས་ཨ་མེ་རི་ཁར་ངོ་རྒོལ་བྱས་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ལ་རྒྱབ་སྐྱོར་བྱས། ཨ་མེ་རི་ཁས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མྱུར་དུ་བཀག་སྡོམ་རྐྱེན་སྲོལ་སླར་གསོ་བྱེད་པར་རེ་བ་བཏོན་པ་ནི་ལུགས་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པ་དང་། མི་སུ་ཡིན་ཡང་དང་ལེན་བྱེད་ཐབས་མེད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་གསུམ་གཅིག་ཁྲོད་ཀྱི་མྱུར་དུ་བཀག་སྡོམ་སླར་གསོ་བྱེད་པའི་རྐྱེན་སྲོལ་ལ་གཞིགས་ན། ཉིས་སྟོང་བཅོ་ལྔ་ལོའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་མ་བཀོད་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་ལིང་ལ་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་དེ་ཚེས་བཅུ་དགུ་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་ནས་བཟུང་སླར་གསོ་བྱུང་ནས་ནུས་ལྡན་དུ་གྱུར་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།