པོ་ལི་ཝེ་ཡ་རུ་སྤྱི་སྤྱོད་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་བའི་དོན་རྐྱེན་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།
2020.09.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

པོ་ལི་ཝེ་ཡའི་ལྷོ་ནུབ་ཕྱོགས་ཀྱི་པོ་ཐོ་ཞི་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར།  ཞིང་ཆེན་དེར་ཚེས་ཉེར་བདུན་ཉིན་སྤྱི་སྤྱོད་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་བའི་དོན་རྐྱེན་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་།  མི་ཉེར་བཞི་ལ་རྨས་ཕོག་ཟེར།

པོ་ཐོ་ཞི་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཡིས་བཤད་རྒྱུར།   འགྲིམ་འགྲུལ་དོན་རྐྱེན་དེ་ནི་ཞིང་ཆེན་དེའི་བྱང་ཕྱོགས་སུ་བྱུང་བ་དང་།   འགྲུལ་བ་གང་དྲུད་ཡོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་རི་ཁྲོད་ཀྱི་གཞུང་ལམ་ཞིག་ཏུ་བགྲོད་སྐབས་གཏིང་ཚད་ལ་རྨིད་ཉིས་བརྒྱ་ལྷག་ཡོད་པའི་གྲོག་རོང་དུ་ལྷུང་བ་རེད།  སྤྱི་སྤྱོད་རླངས་འཁོར་སྟེང་གི་འགྲུལ་བ་དེ་དག་ནི་གཉེན་སྟོན་མཛད་སྒོ་ཞིག་ལ་ཞུགས་རྗེས་ཕྱིར་ལོག་བཞིན་ཡོད་པ་རེད།

ཐོག་མའི་བརྟག་དཔྱད་ལས་མངོན་པ་ལྟར་ན།   ཁ་ལོ་བ་མྱུར་ཚད་ལས་བརྒལ་ཏེ་རླངས་འཁོར་ལ་ཚོད་འཛིན་བྱེད་མ་ཐུབ་པར་གྲོག་རོང་དུ་ལྷུང་བ་རེད།  ཉེན་རྟོག་ཕྱོགས་ཀྱིས་ཁ་ལོ་བས་ཆང་འཐུང་ཡོད་པར་དོགས་པ་ཟ་བཞིན་ཡོད།

པོ་ལི་ཝེ་ཡ་རྒྱལ་ཁབ་འགྲིམ་འགྲུལ་བདེ་འཇགས་ཅུའུ་ཡི་ཅུའུ་ཀྲང་ཝ་ཨར་ཐི་མིས་ལན་ཏ་ཡིས་བཤད་རྒྱུར།   སྤྱི་སྤྱོད་རླངས་འཁོར་དེ་པྲོག་གསར་གློ་ཚད་རིམས་ནད་འགོག་པའི་གཏན་ཁེལ་ལ་འགལ་ཏེ་འགྲུལ་བ་ཤོང་ཚད་ལས་བརྒལ་ཡོད་ཟེར།

པོ་ལི་ཝེ་ཡ་དཔོན་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན།  པོ་ལི་ཝེ་ཡ་རུ་ལོ་རེར་འགྲིམ་འགྲུལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྟོང་གཅིག་ལྷག་ཡོད་པ་དང་།  མི་ཁྲི་བཞི་ལ་འགྲིམ་འགྲུལ་དོན་རྐྱེན་ཁྲོད་རྨས་ཕོག་བཞིན་ཡོད་ཟེར།  གཞུང་ལམ་གྱི་ཆ་རྐྱེན་མི་བཟང་བ་དང་།  ཆང་འཐུང་ནས་རླངས་འཁོར་སྐོར་བ་སོགས་ནི་པོ་ལི་ཝེ་ཡ་རུ་འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད།

                                                                            ལོ་ཙཱ་བ་ལྷ་མོ་ཚེ་རིང་།