རོ་མ་ནི་ཡ་ཡིས་ཟས་རིགས་འཕྲོ་བརླག་ཉུང་དུ་གཏོང་རྒྱུའི་འབོད་སྐུལ་བཏང་།
2020.09.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཚེས་ཉེར་དགུ་ཉིན་རོ་མ་ནི་ཡའི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་ཨ་ཏེ་ལི་ཨན·ཨའོ་ལུའོ་སི་ཡིས་པུ་ཆ་རེ་སི་ཐེ་རུ་ནན་བཤད་བྱས་དོན། མང་ཚོགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དེ་ཟས་རིགས་འཕྲོ་བརླག་ཉུང་དུ་གཏོང་རྒྱུ་དང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

ཨའོ་ལུའོ་སི་ཡིས“མིའི་རིགས་དང་སའི་གོ་ལའི་ཆེད་དུ། འབྲུ་རིགས་ཀྱི་གྱོང་གུད་དང་འཕྲོ་བརླག་གཏོང་མཚམས་འཇོག་པའི”བརྗོད་དོན་གཙོ་བོའི་ཚོགས་འདུའི་སྟེང་གོང་གསལ་གྱི་རྣམ་འགྱུར་དེ་བསྟན་པ་རེད། ཁོས་ཟས་རིགས་འཕྲོ་བརླག་གཏོང་བ་ནི་ཁོར་ཡུག་སྦགས་བཙོག་བཟོ་བའི་རྒྱུ་རྐྱེན་གྱི་གྲས་ཤིག་ཡིན། ཞིང་ལས་པུའུ་ཡིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཞིང་ལས་ལ་གཞོལ་ནས་འཛད་སྤྱོད་པར་བཟའ་བཅའ་འཕྲོ་བརླག་མི་འགྲོ་བའི་ཁྲིད་སྟོན་བྱེད་དགོས་ཟེར།

རོ་མ་ནི་ཡའི་རྒྱུན་མཐུད་འཕེལ་རྒྱས་ཧྲུའུ་ཡི་ཧྲུའུ་ཀྲང་ཁོར་ནེར·ཧན་ཅ་ནུའུ་ཡིས་ཚོགས་འདུའི་སྟེང་བཤད་རྒྱུར། རོ་མ་ནི་ཡའི་ལོ་ལྟར་མི་རེར་ཆ་སྙོམས་ཟས་རིགས་སྤྱི་རྒྱ་བརྒྱ་དང་ཉེར་དགུ་ཙམ་རང་དགར་འདོར་གྱིན་ཡོད་ཅིང་། དེའི་ནང་ལྟོ་ཆས་དང་སྔོ་ཚལ། མེན་པའོ་ཐོན་རྫས། འོ་མ། ཤ་རློན་སོགས་ཚུད་ཡོད་ཟེར།

ཧན་ཅ་ནུའུ་ཡིས་བཤད་རྒྱུར། མི་རྣམས་ཀྱིས་ཟས་རིགས་མ་ཉོས་གོང་འཆར་གཞི་བཟོས་མེད་པ་དང་ཉར་ཚགས་བྱེད་སྟངས་འོས་འཚམ་མིན་པ་སོགས་ཀྱི་དབང་གིས་ཟས་རིགས་འབོར་ཆེན་ཐད་ཀར་གད་སྙིགས་བླུགས་སྣོད་ནང་འདོར་གྱིན་ཡོད་ཟེར།  ཁོས་ནན་གྱིས་བསྟན་དོན།  རོ་མ་ནི་ཡ་རུ་འཚོ་བཅུད་མི་འདང་བ་དང་ལྟོ་ཆས་འཕྲོ་བརླག་གཏོང་བའི་སྣང་ཚུལ་ཡོད་པ་མ་ཟད། ད་དུང་མི་འབོར་གྱི་བརྒྱ་ཆའི་བཅོ་ལྔ་ཙམ་ཚོན་པོ་ཆགས་ཡོད། དེའི་ཕྱིར་སྤྱི་དམངས་ཀྱི་བཟའ་བཏུང་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་ཧ་ཅང་གལ་ཆེན་ཡིན་ཟེར།

གནས་ཚུལ་སྤེལ་བར་གཞིགས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ན་ནིང་གི་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་ནི་རྒྱལ་སྤྱིའི་འབྲུ་རིགས་གྱོང་གུད་དང་འཕྲོ་བརླག་གནད་དོན་གྱི་དྲིལ་བསྒྲགས་ཉིན་མོར་གཏན་འཁེལ་བྱས།

ལོ་ཙཱ་བ། བན་དེ་སྐྱབས།