འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ས་ཡ་གཅིག་ལས་བརྒལ།
2020.09.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་དགུ་ཉིན་བསྒྲགས་པའི་གཞི་གྲངས་ཆེས་གསར་བ་ལྟར་ན། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ས་ཡ་གཅིག་ལས་བརྒལ་ནས། བསྡོམས་པས་ས་ཡ་གཅིག་དང་བཞི་བཅུ་རུ་སླེབས། 

གཞི་གྲངས་ལས་མངོན་པར་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་བརྒྱད་བར་དུ། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་འབུམ་གཉིས་དང་ཁྲི་གཉིས་སྟོང་གཉིས་བདུན་བརྒྱ་ཞེ་བརྒྱད་ཇེ་མང་དུ་སོང་ནས། བསྡོམས་པས་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་གཉིས་ཁྲི་བཞི་སྟོང་དགུ་ལྔ་བརྒྱ་དང་རེ་གསུམ་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་སྟོང་གསུམ་དྲུག་བརྒྱ་དང་གོ་བཞི་ཇེ་མང་དུ་སོང་བ་དང་། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ས་ཡ་གཅིག་དང་བཞི་བཅུ་ལ་སླེབས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཀ་དང་རྒྱ་གར། པ་ཞི་རྒྱལ་ཁབ་གསུམ་གྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་འཛམ་གླིང་ཡོངས་ཀྱི་ཨང་དང་པོ་དང་གཉིས་པ། གསུམ་པར་སླེབས་པ་དང་། ནད་པའི་ཁ་གྲངས་སོ་སོར་ས་ཡ་བདུན་དང་ཁྲི་བཞི་སྟོང་བཞི་སུམ་བརྒྱ་ཉེར་བདུན་དང་ས་ཡ་དྲུག་དང་འབུམ་གཅིག་ཁྲི་བཞི་སྟོང་ལྔ་ཉིས་བརྒྱ་དང་གོ་གཅིག ས་ཡ་བཞི་དང་འབུམ་བདུན་ཁྲི་གསུམ་སྟོང་གཉིས་སུམ་བརྒྱ་དང་དགུ་ལ་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཆེས་མང་པའི་རྒྱལ་ཁབ་ནི་ཨ་མེ་རི་ཀ་དང་པ་ཞི། རྒྱ་གར་བཅས་ཡིན་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སོ་སོར་འབུམ་གཉིས་དང་སྟོང་གསུམ་དྲུག་བརྒྱ་ཉི་ཤུ་དང་འབུམ་གཅིག་དང་ཁྲི་བཞི་སྟོང་གཅིག་བདུན་བརྒྱ་ཞེ་གཅིག ཁྲི་དགུ་སྟོང་དྲུག་སུམ་བརྒྱ་དང་བཅོ་བརྒྱད་ལ་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་ཅུང་མང་པའི་རྒྱལ་ཁབ་ད་དུང་མོ་ཞི་ཁོ་དང་དབྱིན་ཇི། དབྱི་ཐ་ལི། ཕེ་རུ། སི་ཕན། དབྱི་ལང་སོགས་ཡོད།

ལོ་ཙཱ་བ། རིན་ཆེན་མཚོ།