ཕུའུ་ཅིན་གྱིས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གི་ལག་བསྟར་ཡུན་ཚད་དེ་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ལོ་གཅིག་གིས་ཇེ་རིང་དུ་གཏོང་དགོས་པའི་གྲོས་གཞི་བཏོན།
2020.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན། སང་ལོར་དུས་ཡུན་ལོངས་པའི་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་དེའི་ལག་བསྟར་ཡུན་ཚད་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུའི་གྲོས་གཞི་བཏོན། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སི་དང་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཁང་གི་རྒྱུན་ལས་ཨུ་ཡོན་བསྡུས་ནས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གི་གནད་དོན་ལ་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་ཚོགས་ཐོག་ནས་བསྟན་དོན། ཆིངས་ཡིག་གི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བའི་དམིགས་ཡུལ་ནི་འབྲེལ་ཡོད་གནད་དོན་ཞིབ་ཏུ་གྲོས་མོལ་བྱེད་པའི་གོ་སྐབས་བརྩོན་ལེན་བྱེད་ཆེད་ཡིན་པ་དང་། ཨུ་རུ་སི་དང་ཨ་མེ་རི་ཁ། དེ་མིན་འཛམ་གླིང་ཡོངས་ཀྱི་འཐབ་ཇུས་གཏན་འཇགས་སྲུང་འཛིན་བྱེད་འདོད་པའི་རྒྱལ་ཁབ་ཚང་མར་ཁྱབ་ཁོངས་དེའི་རྨང་གཞིའི་རང་བཞིན་གྱི་ཡིག་ཆ་མེད་པར་འགྱུར་བར་སྔོན་འགོག་བྱེད་དགོས་ཟེར། 

ཕུའུ་ཅིན་གྱིས་ད་རུང་བསྟན་དོན། འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་དེ་ནུས་མེད་དུ་གྱུར་བའམ་རིགས་དེ་མཚུངས་ཀྱི་རྨང་གཞིའི་རང་བཞིན་གྱི་ཡིག་ཆ་གཞན་གྱིས་དེའི་ཚབ་བྱེད་པ་ནི་ཡིད་སྐྱོ་བའི་དོན་ཞིག་རེད་ཟེར། ཁོས་བསྟན་དོན། དམག་ཆས་འགྲན་རྩོད་ལ་ཚོད་འཛིན་བྱེད་པའི་ཐད་ནས་ཆིངས་ཡིག་དེས་རྨང་གཞིའི་རང་བཞིན་གྱི་ནུས་པ་བཟང་བོ་འདོན་སྤེལ་བྱས་ཡོད་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།