ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་དབྱིན་ཇི་ཡིས་དགོས་ངེས་ཀྱི་འགུལ་སྐྱོད་སྤེལ་ནས་གྲོས་མོལ་ལ་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།
2020.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་འགོ་ཁྲིད་པས་ཚེས་བཅོ་ལྔ་ཉིན་པུའུ་ལུའུ་སེར་ནས་གྲོས་མོལ་བྱས་པ་དང་། ཉིན་དེའི་དགོང་མོར་སྤྱི་སྒྲོག་སྤེལ་ཏེ། དབྱིན་ཇི་ཡིས་དགོས་ངེས་ཀྱི་འགུལ་སྐྱོད་སྤེལ་ནས། དབྱིན་ཇི་དང་ཡོ་རོབ་གླིང་གི་མ་འོངས་པའི་འབྲེལ་བའི་གྲོས་མོལ་དེ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་སེམས་ཁུར་བྱེད་པའི་གནད་དོན་རེ་འགའི་སྟེང་ནས་ཐོབ་པའི་གྲོས་མོལ་གྲུབ་འབྲས་གླེང་རིན་མེད་པ་དང་། གྲོས་མཐུན་འགོད་ཐབས་མི་འདུག ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་དབྱིན་ཇིའི་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་འདོད་ཡོད་ཀྱང་། ཕྱོགས་གཉིས་ཀྱིས་ངེས་པར་དུ་འདྲ་མཉམ་འགྲན་རྩོད་དང་ཉ་གསོ་ལས་རིགས་སོགས་གནད་དོན་ཐད་ནས་གྲོས་མཐུན་འགོད་དགོས་ཟེར། 

སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་ལས་ཁུངས་སོ་སོ། དེ་མིན་ཁེ་ཕན་ལ་འབྲེལ་བ་ཡོད་པའི་ཕྱོགས་སོ་སོས་བྱ་བ་དམ་འཛིན་བྱས་ཏེ། དབྱིན་ཇི་དང་ཡོ་རོབ་གླིང་གི་འབྲེལ་བའི་གྲོས་མཐུན་འགོད་ཐབས་མེད་པ་འདུ་བའི་འབྱུང་སྲིད་པའི་གནས་ཚུལ་གང་རུང་ཐད་ནས་གྲ་སྒྲིག་གང་ལེགས་བྱེད་དགོས་ལ། མ་འོངས་པའི་གཟའ་འཁོར་འགའི་ནང་། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་ལས་འབུད་པའི་ལས་དོན་གྱི་འགན་ཁུར་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་པཱ་ནེ་ཡེ་ཡིས་མུ་མཐུད་དུ་འཐུས་ཚབ་ཚོགས་པ་ཁྲིད་དེ་དབྱིན་ཇིའི་བར་གྲོས་མོལ་བྱེད་དགོས་ཟེར། 

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་ཚེས་བཅོ་ལྔ་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཐུན་སྒྲིལ་གཅིག་གྱུར་བྱས་ཤིང་། ཧུར་ཐག་སྒོས་དབྱིན་ཇིའི་བར་གྲོས་མཐུན་འགོད་རྒྱུ་ཡིན་ཡང་། འགྲོ་སོང་ཡོད་ཚད་འཕང་མེད་དུ་གཏོང་མི་སྲིད་ཟེར། པཱ་ནེ་ཡེ་ཡིས་ཀྱང་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི་ཡིས་གྲོས་མཐུན་འགོད་པའི་གོ་སྐབས་ཧ་ཅང་བཟང་ཟེར། ཁོས་བཤད་རྒྱུར། གཞི་རྩའི་ཐད་ནས་གྲོས་འཆམ་བྱུང་བའི་གནད་དོན་རེ་འགའི་ཐད་ནས་ཕྱོགས་གཉིས་ཀྱིས་མཇུག་མཐའི་ཡིག་ཆ་གཏན་འབེབ་བྱེད་བཞིན་ཡོད་ཀྱང་། གནད་དོན་གཞན་པ་རེ་འགའི་ཐད་ནས་ཕྱོགས་གཉིས་བར་འགལ་བ་ཆེན་པོ་ཡོད་ཟེར། 

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་བསྟན་དོན། ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་བར་ནི་དབྱིན་ཇི་དང་ཡོ་རོབ་གླིང་གིས་ཉོ་ཚོང་གྲོས་མཐུན་འགོད་པའི་ཆེས་མཇུག་མཐའི་ཡུན་ཚད་ཡིན་ཞིང་། གལ་ཏེ་སྐབས་ཐོག་དེར་གྲོས་མཐུན་འགོད་མ་ཐུབ་ན། ཕྱོགས་གཉིས་ཀྱིས་དོན་དངོས་དེ་དང་ལེན་བྱེད་དགོས་ཟེར། པཱ་ནེ་ཡེ་ཡིས་བསྟན་དོན། གྲོས་མོལ་མཇུག་སྒྲིལ་མེད་པ་དང་། ཡོ་རོབ་གླིང་གིས་ཆེས་མཇུག་མཐའི་ཉིན་བར་ཧུར་བརྩོན་བྱེད་ངེས་ཡིན་ཟེར། ཁོས་དབྱིན་ཇིའི་ཕྱོགས་ཀྱིས་ཟླ་བཅུ་བའི་ཟླ་མཇུག་བར་དུ་གྲོས་མོལ་རྒྱུན་འཁྱོངས་བྱེད་རྒྱུའི་གྲོས་གཞི་བཏོན། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།