མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་པྲོག་གསར་གློ་ཚད་རིམས་ནད་སྐབས་ཀྱི་རུལ་སུངས་གནད་དོན་ལ་མཐའ་གཅིག་ཏུ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།
2020.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། མི་རྣམས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་སྐབས་ཀྱི་རུལ་སུངས་གནད་དོན་ལ་དོ་སྣང་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་ནན་གྱིས་བསྟན་དོན། རུལ་སུངས་གནད་དོན་དེ་བྱུང་ནས་ཡུན་རིང་འགོར་ཡོད་ཀྱང་། པྲོག་གསར་གློ་ཚད་རིམས་ནད་སྐབས་སུ་བྱུང་བའི་རུལ་སུངས་གནད་དོན་ལ་གནོད་པ་ལྷག་ཏུ་ཆེ་བས། ངེས་པར་དུ་མཐའ་གཅིག་ཏུ་ཆམ་ཕབ་གཏོང་དགོས་ཟེར།

ཁོས་བསྟན་དོན། རུལ་སུངས་ཉེས་ཅན་གྱིས་པྲོག་གསར་གློ་ཚད་རིམས་ནད་སྐབས་ཀྱི་ལྟ་རྟོག་ཞན་པ་དང་མངོན་གསལ་མིན་པ་སོགས་གནད་དོན་བེད་སྤྱད་དེ་གཞུང་དངུལ་སྒེར་གྱིས་བཀོལ་ནས། རོགས་རམ་ཆེས་ཆེར་མཁོ་བའི་མི་རྣམས་ལ་རོགས་སྐྱོར་ཐོབ་ཐབས་མེད་པར་བྱས་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། སྲིད་གཞུང་རེ་འགས་མཁོ་འདོན་ཚོང་བའི་རྒྱབ་ལྗོངས་ལ་རྟོག་ཞིབ་མ་བྱས་པའམ་འདྲ་མཉམ་གྱི་ཚོང་རྫས་རིན་གོང་གཏན་འཁེལ་བྱས་པ་དང་། རྒྱུ་འབྲས་མེད་པའི་ཚོང་བས་སྤུས་ཚད་ཞན་པའི་ཐོན་རྫས་ཕྱིར་འཚོང་བར་མ་ཟད་མཁོ་འདོན་མུ་འབྲེལ་བདག་གིར་བཟུང་བའི་མི་དང་ངན་འབྲེལ་བྱས་ཏེ། མྱུར་མཁོ་ཆེ་བའི་ཐོན་རྫས་ཀྱི་རིན་གོང་ལྡབ་འགྱུར་གྱིས་ཇེ་མཐོར་བཏང་ནས་མི་མང་བོར་དུས་ལྟར་གསོ་བཅོས་ཐོབ་ཐབས་མེད་པར་གྱུར་ཡོད་ཟེར། 

ཁོས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཉམ་དུ་འབད་བརྩོན་བྱས་ནས། རུལ་སུངས་བྱ་སྤྱོད་དེ་རིགས་ལ་བཀག་འགོག་བྱེད་དགོས། བྱེ་བྲག་ཏུ་བརྗོད་ན་ཁྲིམས་འགལ་མ་དངུལ་གྱི་འཁོར་རྒྱུག་དང་ཁྲལ་ཡོལ་གྱི་བྱ་སྤྱོད་ལ་ཆམ་ཕབ་གཏོང་བ་དང་། རུལ་སུངས་ཁྲོད་ཁེ་ཕན་ཐོབ་པར་བྱེད་པའི་བྱ་སྤྱོད་ལ་ཆམ་ཕབ་གཏོང་དགོས་པར་མ་ཟད། རྒྱལ་ཁབ་ཐོན་ཁུངས་ཀྱི་བེད་སྤྱོད་གནས་ཚུལ་ཐད་ནས་དོགས་ཟོན་མཐོར་འདེགས་བྱེད་དགོས་པ་དང་། ངེས་པར་དུ་མྱུར་མོར་འགན་འཁྲི་རྩད་གཅོད་དང་སྲིད་གཙང་ལམ་ལུགས་སྟོབས་དང་ལྡན་པར་འཛུགས་དགོས་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།