འཇར་པན་གྱི་འགོ་ཁྲིད་པས་རྒྱལ་བདེ་ལྷ་ཁང་ལ་མཆོད་འབུལ་བྱས་པའི་ཐད་ཧན་གོ་བློ་ཕམ་ཆེན་པོ་བྱུང་།
2020.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཚེས་བཅུ་བདུན་ཉིན་ཧན་གོའི་ཕྱི་འབྲེལ་པུའུ་ཡིས་འཇར་པན་སྲིད་གཞུང་དང་རྒྱལ་ཚོགས་ཀྱི་འགོ་ཁྲིད་པས་རྒྱལ་བདེ་ལྷ་ཁང་ལ་མཆོད་འབུལ་བྱས་པར་བློ་ཕམ་ཆེན་པོ་བྱུང་བའི་འདོད་བློ་བསྟན་པར་མ་ཟད། འཇར་པན་ཕྱོགས་ཀྱིས་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ལྷག་བསམ་ཟོལ་མེད་ངང་རང་སྐྱོན་རང་བརྟག་བྱེད་དགོས་པའི་སྐུལ་མ་བཏང་།

ཧན་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཉིན་དེར་ཕྱི་འབྲེལ་པུའུ་ཡི་གཞུང་ཕྱོགས་དྲ་ཚིགས་ཐོག་དཔྱད་གཏམ་སྤེལ་ནས་བཤད་དོན། རྒྱལ་བདེ་ལྷ་ཁང་ལ་མཆོད་འབུལ་བྱས་པ་དེས་དམག་འཁྲུག་གི་ཉེས་ཅན་ལ་མཆོད་འབུལ་བྱས་པར་མ་ཟད། བསམ་སྦྱོར་དེས་འཇར་པན་གྱི་དེ་སྔའི་བཙན་འཛུལ་དམག་འཁྲུག་གི་ལོ་རྒྱུས་མཛེས་བཟོ་བྱས་མོད། འོན་ཀྱང་འཇར་པན་སྲིད་གཞུང་དང་རྒྱལ་ཚོགས་ཀྱི་འགོ་ཁྲིད་པས་སླར་ཡང་མཆོད་འབུལ་བྱས་པ་དེའི་ཐད་ནས་ཧན་གོ་སྲིད་གཞུང་བློ་ཕམ་ཆེན་པོ་བྱུང་ཡོད་ཟེར།

དཔྱད་བརྗོད་སྤེལ་བ་ལྟར་ན། ཧན་གོ་སྲིད་གཞུང་གིས་འཇར་པན་ཕྱོགས་ཀྱི་འགོ་ཁྲིད་པས་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་རྒྱུ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་འདས་ཟིན་པའི་ལོ་རྒྱུས་ལ་ལྷག་བསམ་ཟོལ་མེད་དང་ཁེངས་སྐྱུང་གིས་རང་སྐྱོན་རང་བརྟག་བྱེད་དགོས་པའི་སྐུལ་མ་དྲག་པོ་བཏང་བར་མ་ཟད། འབྱུང་འགྱུར་ལ་ཁ་ཕྱོགས་པའི་ཧན་གོ་དང་འཇར་པན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་བླང་བྱ་དང་བསྟུན་དགོས་པའི་རེ་འབོད་བཏོན།

ལོ་ཙཱ་བ། བན་དེ་སྐྱབས།