ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་ནི་རྒྱལ་སྤྱིའི་དབུལ་ཕོངས་སེལ་བའི་ཉིན་མོ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ཡིས་ཤིས་ཚིག་ཕུལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་ཀྱི་གནས་ཚུལ་གསར་པ་ཐོན་པའི་རིང་དང་རིམས་ནད་མཇུག་སྒྲིལ་བའི་རྗེས་གང་དུའང་། དབུལ་ཕོངས་ཀྱི་གནས་སུ་གྱར་བའི་མི་རྣམས་དང་མཉམ་དུ་ལངས་དགོས་པའི་འབོད་སྐུལ་བྱས་ཏེ། དབུལ་ཕོངས་བ་དེ་ཚོར་དགོས་ངེས་ཀྱི་རྒྱབ་སྐྱོར་ཡང་བྱེད་དགོས་ཟེར།
ཀུའུ་ཐེ་ལེ་སི་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ཆེས་དབུལ་ཕོངས་ཀྱི་མིའི་ངོས་ནས་བཤད་ན། པྲོག་གསར་གློ་ཚད་རིམས་ནད་ནི་ཉེན་ཁ་ཉིས་བརྩེགས་ཤིག་ཡིན། རྒྱུ་མཚན་ནི་གཅིག་ནས་དབུལ་པོའི་མི་ཚོགས་ལ་ནད་དུག་འགོས་པའི་ཉེན་ཁ་ཆེ་ཞིང་བདེ་སྲུང་གི་གོ་སྐབས་ཡག་ཤོས་ཐོབ་མི་ཐུབ་ཅིང་། གཉིས་ནས་ཚོད་དཔག་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོ་རིམས་ནད་ཀྱི་རྐྱེན་གྱིས་མི་འབོར་དུང་ཕྱུར་གཅིག་ཙམ་ཡང་བསྐྱར་དབུལ་པོའི་གནས་སུ་ལྷུང་རྒྱུ་ཡིན་པར་བཤད་ཀྱིན་པ་དེ་ནི། གོ་ལ་ཧྲིལ་པོའི་དབུལ་པོ་ཉེ་བའི་ལོ་བཅུའི་རིང་འཕར་ཐེངས་དང་པོ་ཡིན་པར་མ་ཟད། རྒྱ་ཆེ་བའི་བུད་མེད་མང་པོར་ལས་ཀ་ཤོར་བའི་ཉེན་ཁ་འབྱུང་སྲིད་ཅིང་། ཁོ་མོ་ཚོར་སྤྱི་ཚོགས་འགན་སྲུང་ཐོབ་སྲིད་པའི་ཚད་ཧ་ཅང་དམའ་བས། འཕྲད་པའི་ཉེན་ཁ་སྔར་ལས་ཆེ་ཟེར།
ལོ་ཙཱ་བ། བན་དེ་སྐྱབས།