ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གིས་ཨ་སའེ་པད་ཅང་དང་ཡ་མེ་ཉི་ཡའི་ཕྱི་འབྲེལ་པུའུ་ཀྲང་གཉིས་དང་ཁ་པར་བཏང་ནས་ན་ཁའི་གནས་བབ་ལ་གྲོས་སྡུར་བྱས།
2020.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལུའོ་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་ཨ་སའེ་པད་ཅང་གི་ཕྱི་འབྲེལ་པུའུ་ཀྲང་པ་དབྱི་ལ་མོ་ཧྥུའུ་དང་ཡ་མེ་ཉི་མའི་ཕྱི་འབྲེལ་པུའུ་ཀྲང་མུའུ་ནཱ་ཕྲ་ཁ་ཉི་དབྱང་གཉིས་ལ་ཁ་པར་བཏང་སྟེ། ན་ཁ་ཨེར་ནའོ_ཁཱ་ལ་པ་ཧྭི་ས་ཁུལ་གྱི་གནས་བབ་ཐད་ནས་གྲོས་སྡུར་བྱས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཉིན་དེར་བསྒྲགས་པའི་གནས་ཚུལ་ལྟར་ན། ལ་ཧྥུའུ་ལའོ་ཧྥུའུ་ཡིས་ཁ་པར་ནང་ཨུ་རུ་སི་དང་ཨ་མེ་རི་ཀ ཧྥ་རན་སི་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་གིས་ཟླ་བཅུ་པའི་ཚེས་གཅིག་ཉིན་བསྒྲགས་པའི་མཉམ་འབྲེལ་གསལ་བསྒྲགས་ཀྱི་གལ་ཆེན་རང་བཞིན་ཐད་ནས་ནན་སྟོན་བྱས། རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་བསྟན་དོན། ངེས་པར་དུ་ཟླ་བཅུ་པའི་ཚེས་བཅུ་ཉིན་ཨུ་རུ་སིའི་རྒྱལ་ས་མོ་སི་ཁོ་རུ་བཀོད་པའི་འཐབ་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་ནན་མོ་བྱས་ཏེ། ཡོ་རོབ་གླིང་གི་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞི་རྒྱལ་ཁབ་ཀྱི་མཐུན་སྦྱོར་འོག་ན་ཁའི་གནད་དོན་ཐད་ནས་དོན་དངོས་ཀྱི་གྲོས་མོལ་བྱས་ནས། མྱུར་དུ་ཞི་བདེ་གྲོས་མཐུན་འགོད་དགོས་ཟེར།

ཡ་མེ་ཉི་ཡ་དང་ཨ་སའེ་པད་ཅང་གཉིས་བར་ཟླ་དགུ་པའི་ཚེས་ཉེར་བདུན་ཉིན་ན་ཁ་ས་ཁུལ་དུ་འཐབ་འཁྲུག་གསར་བ་བྱུང་བ་དང་། ཕྱོགས་གཉིས་ཀྱིས་ཕ་རོལ་བས་དེའི་སྔོན་གྱི་འཐབ་འཁྲུག་མཚམས་འཇོག་པའི་གྲོས་མཐུན་དང་འགལ་ནས་སྔོན་དུ་དམག་དོན་འཇབ་རྒོལ་སྤེལ་ཞེས་སྐྱོན་བརྗོད་བྱས། བསྟུད་མར་ཉིན་འགའི་རིང་ལ། འཐབ་འཁྲུག་གིས་སྤྱི་དམངས་ནང་དུ་འདུ་བའི་མི་སྣར་ཤི་རྨས་བྱུང་།

ཨུ་རུ་སི་དང་ཨ་སའེ་པད་ཅང་། ཡ་མེ་ཉི་ཡ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཟླ་བཅུ་པའི་ཚེས་བཅུ་ཉིན་མོ་སི་ཁོ་རུ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་སའེ་པད་ཅང་དང་ཡ་མེ་ཉི་ཡའི་བར་ན་ཁ་ས་ཁུལ་གྱི་འཐབ་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་དང་། ཕྱོགས་སོ་སོས་ས་དེའི་ཟླ་བཅུ་པའི་ཚེས་བཅུ་ཉིན་གྱི་དུས་ཚོད་བཅུ་གཉིས་སྟེང་ནས་བཟུང་ན་ཁ་ས་ཁུལ་གྱི་འཐབ་འཁྲུག་མཚམས་འཇོག་རྒྱུར་འཐད་པ་བྱུང་། འོན་ཀྱང་འཐབ་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཀོད་རྗེས། ཕྱོགས་གཉིས་ཀྱིས་ད་དུང་ཕ་རོལ་བས་འཐབ་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བརྩི་འཇོག་མི་བྱེད་པ་དང་འཇབ་རྒོལ་སྤེལ་ཞེས་ཕན་ཚུན་ལ་སྐྱོན་བརྗོད་བྱས།

                                                                                                                         ལོ་ཙཱ་བ། རིན་ཆེན་མཚོ།