ཨར་མེ་ཉི་ཡ་དང་ཨ་སའེ་པད་ཅང་གིས་ནཱ་ཁཱ་ས་ཁུལ་དུ་མི་ཆོས་རིང་ལུགས་ལ་དམིགས་ནས་དམག་འཁྲུག་མཚམས་འཇོག་རྒྱུའི་ཐད་ནས་གྲོས་མཐུན་བཀོད།
2020.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 84

ཨར་མེ་ཉི་ཡ་དང་ཨ་སའེ་པད་ཅང་གི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ནཱ་ཁཱ་ས་ཁུལ་དུ་མི་ཆོས་རིང་ལུགས་ལ་དམིགས་ནས་དམག་འཁྲུག་མཚམས་འཇོག་རྒྱུའི་སྐོར་ནས་གྲོས་མཐུན་བཞག་ཡོད་ཟེར།

ཚེས་བཅུ་བདུན་ཉིན་གྱི་དགོང་མོ། ཨར་མེ་ཉི་ཡའི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས། རྒྱལ་ཁབ་གཉིས་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས་བཅོ་བརྒྱད་ཉིན་གྱི་ནམ་གུང་ནས་བཟུང་མི་ཆོས་རིང་ལུགས་ལ་དམིགས་ནས་དམག་འཁྲུག་མཚམས་འཇོག་རྒྱུའི་སྐོར་ནས་མོས་མཐུན་བྱུང་ཡོད་ཟེར། ཨ་སའེ་པད་ཅང་གི་ཕྱི་འབྲེལ་པུའུ་ཡིས་ཀྱང་ཉིན་དེར་གསལ་བསྒྲགས་སྤེལ་ནས་དམགའཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་དེ་ཁས་ལེན་བྱས་ཡོད་ཟེར།

ཚེས་བཅུ་བདུན་ཉིན་གྱི་སྔ་དྲོ། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ཨ་སའེ་པད་ཅང་གི་ཕྱི་འབྲེལ་པུའུ་ཀྲང་པ་དབྱི་ལཱ་མོ་ཕུའུ་དང་ཨར་མེ་ཉི་ཡའི་ཕྱི་འབྲེལ་པུའུ་ཀྲང་མུའུ་ན་ཁྲ་ཁ་ཉི་དབྱང་གཉིས་ལ་ཁ་པར་བཏང་བ་རེད། རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་བསྟན་དོན། ངེས་པར་དུ་ཟླ་བཅུ་བའི་ཚེས་བཅུ་ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་བཀོད་པའི་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་བརྩི་སྲུང་ནན་མོ་བྱས་ཏེ། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁེ་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་མཐུན་སྦྱོར་འོག་ཏུ། ནཱ་ཁཱ་ས་ཁུལ་གྱི་གནད་དོན་ཐད་ངོ་བོའི་རང་བཞིན་གྱི་གྲོས་མོལ་བྱེད་འགོ་རྩོམ་དགོས་པར་མ་ཟད། ཞི་བདེའི་གྲོས་མཐུན་གང་མགྱོགས་ངང་འཇོག་དགོས་ཟེར།

ཨར་མེ་ཉི་ཡ་དང་ཨ་སའེ་པད་ཅང་རྒྱལ་ཁབ་གཉིས་བར་ཟླ་དགུ་བའི་ཚེས་ཉེར་བདུན་ཉིན། ནཱ་ཁཱ་ས་ཁུལ་དུ་འཐབ་འཁྲུག་བྱུང་བ་དང་། ཕྱོགས་གཉིས་ཀྱིས་ཕ་རོལ་བས་དེ་སྔའི་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་ལས་འགལ་ནས་སྔོན་ལ་ཕར་རྒོལ་བྱས་ཡོད་ཅེས་སྐྱོན་འཛུགས་བྱས། འཐབ་འཁྲུག་དེའི་ཁྲོད་མི་སེར་ཚུད་པའི་མི་སྣ་མང་པོར་ཤི་རྨས་བཟོས།

ལོ་ཙཱ་བ། བན་དེ་སྐྱབས།