ཐུར་ཁེ་རུ་བཅའ་སྡོད་བྱས་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་འཇབ་རྒོལ་སྔོན་བརྡ་བཏང་།
2020.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 79

ཐུར་ཁེ་རུ་བཅའ་སྡོད་བྱས་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཡིད་རྟོན་རུང་བའི་སྙན་ཞུ་འབྱོར་ཟིན་ལྟར་ན། ཨ་མེ་རི་ཁའི་ཕྱི་འབྲེལ་ལས་ཁུངས་དང་དེ་བཞིན། ཨ་མེ་རི་ཁ་དང་རྒྱལ་ཁབ་གཞན་དག་གི་སྤྱི་དམངས་ཐུར་ཁེ་ནས་འཇིགས་སྐུལ་འཇབ་རྒོལ་གྱི་འཇིགས་ཉེན་ལ་འཕྲད་ཡོད་ཟེར།

ཐུར་ཁེ་རུ་བཅའ་སྡོད་བྱས་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་ཉིན་དེར་གསལ་བསྒྲགས་སྤེལ་དོན། ཡིད་རྟོན་རུང་བའི་སྙན་ཞུ་འབྱོར་བ་ལྟར་ན།  ཨ་མེ་རི་ཁའི་སྤྱི་ཁྱབ་ལས་འཛིན་ཁང་གི་མི་སྣ་ཚུད་པའི་དབྱི་སི་ཐན་པུའུ་རུ་གནས་པའི་ཨ་མེ་རི་ཁ་པ་དང་རྒྱལ་ཁབ་གཞན་དག་གི་སྤྱི་དམངས་འཇིགས་སྐུལ་འཇབ་རྒོལ་དང་རྡུང་རྡེག་གཏོང་བའི་འཇིགས་ཉེན་ལ་འཕྲད་ཡོད་པར་མ་ཟད། ཐུར་ཁེ་ཡི་ས་ཁུལ་གཞན་དག་ལའང་འཇིགས་སྐུལ་འདི་དག་གནས་སྲིད་ཟེར།

གོང་གསལ་གྱི་འཇིགས་སྐུལ་དེའི་དབང་གིས། ཐུར་ཁེ་རུ་བཅའ་སྡོད་བྱས་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དང་གཞུང་ཚབ་དོན་གཅོད་ཁང་གིས་གནས་སྐབས་ལས་མཚམས་བཞག

                                                                                                                   ལོ་ཙཱ་བ། བན་དེ་སྐྱབས།