སུའུ་ཏན་གྱིས་དབྱི་སི་རལ་བར་གྱི་དཔལ་འབྱོར་དང་ཚོང་ལས་འགྲོ་འོང་དངོས་སུ་འགོ་རྩོམ་རྒྱུ་ཁྱབ་སྒྲོག་བྱས། 
2020.10.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་གྱིས་དབྱི་སི་རལ་བར་གྱི་དཔལ་འབྱོར་དང་ཚོང་ལས་འགྲོ་འོང་དངོས་སུ་འགོ་རྩོམ་རྒྱུ་ཁྱབ་སྒྲོག་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། སུའུ་ཏན་དང་དབྱི་སི་རལ་གྱིས་དགྲར་འཛིན་རྣམ་པ་མཇུག་སྒྲིལ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་བསྒྱུར་བ་དང་། ཞིང་ལས་གཙོ་ཡིན་པའི་དཔལ་འབྱོར་དང་ཚོང་ལས་འགྲོ་འོང་འགོ་བརྩམས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཐག་བཅད། རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པས་མ་འོངས་པའི་གཟའ་འཁོར་འགའི་ནང་གྲོས་ཚོགས་བསྡུས་ནས། ཞིང་ལས་དང་ཉོ་ཚོང་། དཔལ་འབྱོར། མཁའ་འགྲུལ། གནས་སྤོར་སྡོད་དམངས་སོགས་ཁྱབ་ཁོངས་སུ་མཉམ་ལས་གྲོས་མཐུན་འགོད་པར་རེ་བས་ཁེངས་ཡོད། 

གསལ་སྒྲོག་ལས་བཤད་རྒྱུར། སུའུ་ཏན་དང་དབྱི་སི་རལ་གྱི་འབྲེལ་བ་རྒྱུན་ལྡན་ཅན་མངོན་འགྱུར་བྱེད་པ་ནི་སུའུ་ཏན་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་བསྒྱུར་བཅོས་ཀྱི་ཁག་ཅིག་ཡིན་ཟེར། 

སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ད་རུང་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་གྲས་ནས་སུའུ་ཏན་ལེན་པའི་ཆོད་དོན་དེ་སུའུ་ཏན་རྒྱལ་སྤྱིའི་སྤྱི་ཚོགས་སུ་འདྲེས་པ་དང་དཔལ་འབྱོར་སླར་གསོ་བྱེད་པར་ཕན་ཐོགས་ཡོད། སུའུ་ཏན་གྱིས་ཨ་མེ་རི་ཁའི་བར་གྱི་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་རེ་བ་ཡོད་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།