ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར། 
2020.10.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 63

ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ཀྱི་ཁཱ་ཏུའུ་ནཱ་ཀྲིག་གི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཀྲིག་དེ་ནས་ཉིན་དེར་སྤྱི་སྤྱོད་རླངས་འཁོར་ཞིག་དང་རླངས་འཁོར་གཞན་པ་བཞི་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་མང་བོར་རྨས་ཕོག་ཡོད་ཟེར། 

གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་བཤད་རྒྱུར། འགྲིམ་འགྲུལ་དོན་རྐྱེན་དེ་ནི་ཁཱ་ཏུའུ་ནཱ་ཀྲིག་གི་སྡེ་བ་ཞིག་གི་ཉེ་འདབས་ནས་བྱུང་བ་དང་། སྤྱི་སྤྱོད་རླངས་འཁོར་ཞིག་ལམ་དུ་བགྲོད་སྐབས་གློ་བུར་དུ་ཚོད་འཛིན་བྱེད་ཐབས་བྲལ་ནས་རླངས་འཁོར་བཞི་ལ་ཐོ་བརྒྱབ་པ་རེད་ཟེར། ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད། དོན་རྐྱེན་དེའི་བྱེ་བྲག་གི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།