ཡོ་ནན་དབུས་རྒྱུད་དུ་རི་ཉིལ་བའི་དོན་རྐྱེན་གཉིས་བྱུང་ནས་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།
2020.10.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན། ཡོ་ནན་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་ཉེར་བརྒྱད་ཉིན་ད་ལོའི་རྒྱ་མཚོའི་རླུང་འཚུབ་མོ་ལ་ཧྥེ་ཨང་བཅོ་བརྒྱད་པ་ལས་བྱུང་བའི་དྲག་ཆར་བབས་ཏེ་ཡོ་ནན་དབུས་རྒྱུད་ཀྱི་ཀོང་ནན་ཞིང་ཆེན་ལྷོ་རྒྱུད་ཀྱི་ཁྲ་མེ་རྫོང་དུ་རི་ཉིལ་བའི་དོན་རྐྱེན་གཉིས་བྱུང་ནས་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།

བསྒྲགས་པའི་གནས་ཚུལ་ལྟར་ན།  རི་ཉིལ་བའི་དོན་རྐྱེན་གཉིས་ཀྱི་ཁྲོད་དུ་མི་ང་གསུམ་ས་འོག་ཏུ་མནན་པ་དང་། ས་གནས་དེའི་དུས་ཚོད་ཚེས་ཉེར་དགུ་ཉིན་གྱི་ཉིན་གུང་བར་དུ་འདས་པོ་བཅུ་དྲུག་གི་བེམ་པོ་བརྙེད།

བསྒྲགས་པའི་གནས་ཚུལ་ལྟར་ན།  ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་ཡིས་ཡོ་ནན་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ཏེ། དགོས་ངེས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་ས་འོག་ཏུ་མནན་པའི་མི་སྣ་འཚོལ་སྐྱོབ་བྱེད་དགོས་པའི་བླང་བྱ་བཏོན།

རྒྱ་མཚོའི་རླུང་འཚུབ་མོ་ལ་ཧྥེ་དེ་ཚེས་ཉེར་བརྒྱད་ཉིན་ཡོ་ནན་དབུས་རྒྱུད་ས་ཁུལ་དུ་གཡུགས་པས།  ཞིང་ཆེན་དང་གྲོང་ཁྱེར་མང་པོར་དྲག་རླུང་གཡུགས་པ་དང་དྲག་ཆར་བབས།

ལོ་ཙཱ་བ། བཀྲ་ཤིས་འབུམ།