ཁོ་ལོམ་པི་ཡ་སྲིད་གཞུང་གིས་གདམ་གསེས་རང་བཞིན་གྱི་ལོགས་བགར་དུས་ཡུན་ཟླ་བཅུ་གཅིག་པའི་ཟླ་མཇུག་བར་ཇེ་རིང་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས།
2020.10.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན། ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁི་ཡིས་རིམས་ནད་སྔར་ལས་རྒྱ་ཡན་དུ་འགྲོ་བ་གཏན་འགོག་བྱ་ཆེད། རྒྱལ་ཁབ་ཀྱིས་ད་ལྟ་ལག་བསྟར་བྱེད་པའི་གདམ་གསེས་རང་བཞིན་གྱི་ལོགས་བགར་བྱེད་ཐབས་དེ་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་བར་རྗེས་ལ་སྣུར་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

ཏུའུ་ཁི་ཡིས་ཉིན་དེའི་དགུང་མོའི་རིམས་འགོག་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་ནང་བཤད་དོན། གདམ་གསེས་རང་བཞིན་གྱི་ལོགས་བགར་དུས་ཡུན་ཇེ་རིང་དུ་བཏང་ན་དཔལ་འབྱོར་སླར་གསོ་བྱེད་རྒྱུ་འགན་སྲུང་བྱེད་ཐུབ་པར་མ་ཟད།  མང་ཚོགས་རྣམས་ཀྱིས་བདེ་འཇགས་སྒོས་ཡེ་ཤུའི་འཁྲུངས་སྐར་གྱི་གུང་གསེང་རོལ་ཐུབ་ཟེར།

ཁོ་ལོམ་པི་ཡ་རྒྱལ་ཁབ་ཏུ་ཟླ་བཅུ་བའི་ཚུན་དུ་ཉིན་གཅིག་ལ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་གྲངས་ཀ་ཡང་བསྐྱར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་།   རིམས་འགོག་གནོན་ཤུགས་སྔར་བཞིན་ཛ་དྲག་ཆེ།  ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན་བར། ཁོ་ལོམ་པི་ཡ་རྒྱལ་ཁབ་ཏུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ས་ཡ་གཅིག་ལས་བརྒལ་བས།  འཛམ་གླིང་གི་ཨང་བརྒྱད་པ་དང་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་ཨང་གསུམ་པར་གྱུར། ཁོ་ལོམ་པི་ཡའི་རྒྱལ་ཁབ་འཕྲོད་བསྟེན་ཞིབ་འཇུག་ཁང་གིས་ཚེས་ཉེར་བརྒྱད་ཉིན་ཁྱབ་སྒྲོག་བྱས་པའི་རིམས་ནད་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་ཁབ་དེར་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་བརྒྱད་དང་བདུན་བརྒྱ་བཅུ་བདུན་འཕར་སྣོན་བྱུང་བ་དང་།  བསྡོམས་པས་ནད་པ་ས་ཡ་གཅིག་དང་ཁྲི་བཞི་སྟོང་གཅིག་དགུ་བརྒྱ་དང་སོ་ལྔ་ལ་སླེབས་ཤིང་། རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་གྱ་བརྒྱད་འཕར་སྣོན་བྱུང་བ་དང་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གསུམ་དང་བདུན་བརྒྱ་དང་ང་གསུམ་ལ་སླེབས།

ལོ་ཙཱ་བ། བཀྲ་ཤིས་འབུམ།