ཕུའུ་ཅིན་གྱིས་ཀྲུང་གོ་ནི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན་པའི་ཚུལ་བསྟན།
2020.10.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་སྐུད་ཐོག་ནས་སྤེལ་བའི་དངུལ་གཏོང་གླེང་སྟེགས་ཤིག་ནས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན་ཟེར། 

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སི་ཡིས་འབོད་པ་གཏོང་བཞིན་ཡོད་ཅེས་པ་བརྗོད་སྙིང་ཡིན་པའི་དངུལ་གཏོང་གླེང་སྟེགས་སྟེང་བཤད་རྒྱུར། ཨེ་ཤ་ཡཱའི་ཚོང་རར་མིག་སྔར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་བྱུང་ཡོད། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་དཀའ་ཁག་མི་ཉུང་བ་བཟོས་ཡོད་ཀྱང་། ཨེ་ཤ་ཡཱའི་དཔལ་འབྱོར་དེ་མུ་མཐུད་དུ་འཕར་སྣོན་འབྱུང་བཞིན་ཡོད། རིམས་ནད་ཀྱི་གནས་ཚུལ་འོག ཀྲུང་གོའི་དཔལ་འབྱོར་ལ་འཕར་སྣོན་མངོན་གསལ་བྱུང་ཡོད་པ་དང་། ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན་ལ། དོན་དེ་ཀུན་གྱིས་ཁས་ལེན་དགོས་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཉོ་ཚོང་ཚད་ལ་མཚོན་ན། ཨེ་ཤ་ཡཱའི་གོ་གནས་དེ་ཡོ་རོབ་གླིང་ལས་ལྷག་ཏུ་གལ་ཆེ་བ་དང་། ཨུ་རུ་སི་ཡིས་གནས་ཚུལ་དེར་གཞིགས་ཏེ་མ་འོངས་པའི་འགྱུར་ལྡོག་ཐད་གྲ་སྒྲིག་བྱེད་བཞིན་ཡོད། ཨུ་རུ་སི་ཡིས་ཀྲུང་གོ་དང་རྒྱ་གར་འདུས་པའི་ཨེ་ཤ་ཡཱའི་གྲོགས་པོའི་བར་མཛའ་མཐུན་འབྲེལ་བ་སྲུང་འཛིན་བྱེད་བཞིན་ཡོད་པ་དང་། དེ་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་ཕན་ཐོགས་ཡོད་ཟེར། 

ཨུ་རུ་སི་ཡིས་འབོད་པ་གཏོང་བཞིན་ཡོད་ཅེས་པའི་དངུལ་གཏོང་གླེང་སྟེགས་དེ་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་ནས་ཚེས་སུམ་ཅུའི་ཉིན་བར་སྐུད་ཐོག་གི་རྣམ་པས་སྤེལ་བ་རེད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།