ཉིས་སྟོང་ཉི་ཤུ་ལོའི་ཧན་གོ་དང་ཀྲུང་གོའི་མཛའ་མཐུན་ན་གཞོན་གླེང་སྟེགས་ཧན་གོའི་ཧྲིག་ཨར་ནས་སྤེལ།
2020.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 369

ཟླ་བཅུ་གཅིག་པའི་ཚེས་བཅུ་དགུའི་ཉིན། ཧན་གོའི་ཧྲིག་ཨར་ནས། ཉིས་སྟོང་ཉི་ཤུ་ལོའི་ཧན་གོ་དང་ཀྲུང་གོའི་མཛའ་མཐུན་ན་གཞོན་གླེང་སྟེགས་ལ་ཞུགས་པའི་སྐུ་མགྲོན་དང་ཀྲུང་གོ་དང་ཧན་གོའི་ཕུལ་བྱུང་ན་གཞོན་འཐུས་མི་དག་གིས་མཉམ་དུ་དྲན་རྟེན་འདྲ་པར་བླངས། 

ཧན་གོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཧན་གོའི་ཧན་ཀྲུང་མཁར་གྲོང་ཁྱེར་གྱི་མཛའ་མཐུན་མཐུན་ཚོགས་ཀྱིས་ཚེས་བཅུ་དགུའི་ཉིན་ཧན་གོའི་ཧྲིག་ཨར་ནས་མཉམ་དུ་ཉིས་སྟོང་ཉི་ཤུ་ལོའི་ཧན་གོ་དང་ཀྲུང་གོའི་མཛའ་མཐུན་ན་གཞོན་གླེང་སྟེགས་སྤེལ། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་མི་སྣ་དང་། ན་གཞོན་སློབ་མ་སོགས་མཉམ་དུ་འཛོམས་ནས་ཀྲུང་གོ་དང་ཧན་གོའི་མཛའ་མཐུན་དང་མཉམ་ལས་ལ་གྲོས་མོལ་བྱས། 

ཧན་གོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞིན་ཧེ་མེན་དང་ཧན་ཀྲུང་མཁར་གྲོང་ཁྱེར་གྱི་མཛའ་མཐུན་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོན་ཆི་ཀྲི། ཧན་གོའི་སྔོན་ཆད་ཀྱི་རྒྱལ་སྲིད་ཙུང་ལི་ལིས་ཧྲིག་ཁྲིན་སོགས་གླེང་སྟེགས་ལ་ཞུགས།
ཞིན་ཧེ་མེན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་དང་སྤྱི་ཚོགས་ལས་རིགས་སོ་སོས་མཉམ་དུ་འབད་བརྩོན་བྱས་འོག ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཉེར་བརྒྱད་འགོར་བའི་རིང་ལ། ཀྲུང་གོ་དང་ཧན་གོའི་འབྲེལ་བར་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ན་གཞོན་རབས་ནི་རྒྱལ་ཁབ་དང་མི་རིགས་ཀྱི་རེ་བ་ཡིན་ཞིང་། ཀྲུང་གོ་དང་ཧན་གོའི་འབྲེལ་བའི་མ་འོངས་པ་ཁུར་དུ་ལེན་དགོས། ན་གཞོན་གྲོགས་པོ་དག་གིས་རྒན་རབས་ལས་ཀྲུང་གོ་དང་ཧན་གོའི་མཛའ་བརྩེ་ལ་སྐུལ་འདེད་གཏོང་བའི་སྲོལ་བཟང་རྒྱུན་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་ཆེད་དུ་འོད་སྟོང་འབར་བའི་མདུན་ལྗོངས་གསར་འབྱེད་བྱེད་དགོས་པའི་རེ་བ་བཏོན། 

ཆོན་ཆི་ཀྲི་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཧན་གོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་ལག་རྡང་སྦྲེལ་ནས་མཉམ་དུ་བགྲོད་པའི་གྲོགས་པོ་བཟང་བོ་ཡིན་པ་དང་། ཧན་གོ་དང་ཀྲུང་གོའི་མཛའ་མཐུན་ལས་ཨེ་ཤ་ཡཱའི་བྱང་ཤར་གྱི་ཞི་བདེ་དང་དར་རྒྱས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ན་གཞོན་དག་གིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་དམངས་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བའི་ཐད་ཀྱི་འགན་འཁྲི་ལྗིད་མོ་ཕྲག་ཏུ་བླངས་ཡོད། གླེང་སྟེགས་ཀྱི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་ན་གཞོན་དག་ལ་མཛའ་མཐུན་བརྗེ་རེས་ཀྱི་སྟེགས་བུ་ཞིག་འདོན་སྤྲོད་བྱས་ཏེ། ཧན་གོ་དང་ཀྲུང་གོའི་ན་གཞོན་འཇོན་ཐང་ཅན་དག་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འགྲོ་འོང་གི་སྲ་བརྟན་གྱི་འབྲེལ་ཟམ་ལྟ་བུར་འགྱུར་བའི་རེ་བ་ཡོད་ཟེར། 

ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་ཕུལ་བྱུང་ན་གཞོན་འཐུས་མི་མང་བོས་གླེང་སྟེགས་སྟེང་གཏམ་བཤད་སྤེལ། ཁོ་ཚོས་བསྟན་དོན། རྒྱལ་ཁབ་ཀྱི་འབྲེལ་བའི་མཆོག་ནི་དམངས་བར་གྱི་མཛའ་བཤེས་ཟབ་པ་དང་། དམངས་བར་གྱི་མཛའ་བཤེས་ཟབ་དགོས་ན་གཅིག་སེམས་གཅིག་ལ་སྦྲེལ་དགོས། རང་ཉིད་ཀྱིས་ཀུན་གྱི་རེ་བ་སྟོང་ཟད་དུ་མི་གཏོང་བར། ཀྲུང་གོ་དང་ཧན་གོའི་མཛའ་བརྩེ་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྲ་བརྟན་དུ་འཕེལ་རྒྱས་སུ་གཏོང་བའི་ཐད་རང་ནུས་ཅི་ཡོད་འདོན་རྒྱུ་ཡིན་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།