ཉིས་སྟོང་ཉི་ཤུ་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་གྲོས་མོལ་ཚོགས་འདུ་ནས་རིམས་ནད་རྗེས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གྲོས་བསྡུར་བྱས།
2020.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 67

ཉིས་སྟོང་ཉི་ཤུ་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་གྲོས་མོལ་ཚོགས་འདུ་ཚེས་བཅུ་དགུའི་ཉིན་སྐུད་ཐོག་རྣམ་པས་ཚོགས་མགོ་བརྩམས། ད་ལོའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་ལ་ཡང་བསྐྱར་འཆར་འགོད་བྱེད་པ་སྟེ། པྲོག་གསར་གློ་ཚད་རིམས་ནད་རྗེས་ཀྱི་ལས་འགན་གཙོ་བོ་ཞེས་པ་དེ་རེད། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་ཆེས་དགོས་གལ་ཆེ་བའི་འགྲན་རྩོད་དང་། སྲིད་གཞུང་དང་བཟོ་ཚོང་ལས་རིགས་ཀྱིས་ཇི་ལྟར་རིམས་ནད་རྗེས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས། 

མཱ་ལེ་ཞི་ཡཱ་ནི་ད་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་གྲོས་ཚོགས་ཀྱི་མགྲོན་བདག་རྒྱལ་ཁབ་ཡིན་པ་དང་། མཱ་ལེ་ཞི་ཡཱའི་ཙུང་ལི་མུའུ་ཞེ་ཏེན་གྱིས་ཉིན་དེར་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་གྲོས་མོལ་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་རྗེས་ཀྱི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་རྒྱུ་ཡིན་ཟེར། 

མུའུ་ཞེ་ཏེན་གྱིས་ནན་གྱིས་བསྟན་དོན། རིམས་ནད་ཀྱི་ཤུགས་རྐྱེན་འོག ཕྱོགས་སོ་སོས་གསར་གཏོད་དང་གྲངས་ལྡན་དཔལ་འབྱོར་ལ་ཤུགས་སྣོན་པ་དང་། ལས་ཞུགས་དང་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱས་ཏེ། ས་ཁུལ་གྱི་དཔལ་འབྱོར་ལ་སྐུལ་འདེད་བཏང་ནས་འཕར་སྣོན་མངོན་འགྱུར་བྱེད་པའི་གྲོས་གཞི་འདོན་དགོས་ཟེར། 

ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་དེ་ཚེས་ཉི་ཤུའི་ཉིན་སྤེལ་རྒྱུ་ཡིན་པ་དང་། འཆར་གཞི་ལྟར་ན་གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དག་གིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོའི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་པ་རེད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།