​དབྱི་རག་དམག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་དྲུག་བསད།
2020.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 71

དབྱི་རག་དམག་ཕྱོགས་ཀྱིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་ཉེ་སྔོན་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལ་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་དྲག་ཆས་ཉེས་ཅན་བཅུ་དྲུག་བསད་ཟེར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡི་མགྲིན་ཚབ་པ་ལཱ་སུའུ་ཨར་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་བར་སྣང་འཇབ་རྒོལ་གྱི་རོགས་འདེགས་འོག དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་ཚེས་བཅུ་དགུ་ཉིན་གྱི་དགོང་མོ་ནས་བཟུང་ས་ངོས་ཀྱི་དམག་དོན་འགུལ་སྐྱོད་སྤེལ་ཏེ། ཅི་ཨར་ཁུའུ་ཁི་ཞིང་ཆེན་ལྷོ་ངོས་ཀྱི་རི་ཁུལ་དུ་གནས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གཙང་ཕྱགས་བྱས། འགུལ་སྐྱོད་དེ་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོའི་བར་རྒྱུན་བསྲིངས་པ་དང་། བསྡོམས་པས་དྲག་ཆས་ཉེས་ཅན་བཅུ་དྲུག་འཁྲུག་རྩོད་དང་བར་སྣང་འཇབ་རྒོལ་ཁྲོད་བསད་ཡོད་ཟེར། 

ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པར། དབྱི་རག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད་པ་ཁྱབ་སྒྲོག་བྱས་ཀྱང་། མིག་སྔར་དབྱི་རག་གི་མངའ་ཁོངས་སུ་སྔར་བཞིན་ཐལ་སྤྱོད་ཉེས་ཅན་ལྷག་འཕྲོ་དག་གིས་གོ་སྐབས་བཙལ་ནས་འཇབ་རྒོལ་བྱ་འགུལ་སྤེལ་བཞིན་ཡོད་པ་རེད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།