དབྱི་རག་གི་བདེ་འཇགས་མི་སྣ་བདུན་དབྱི་རག་བྱང་རྒྱུད་དུ་འཇབ་རྒོལ་ཕོག་ནས་རྐྱེན་ལམ་དུ་ཤོར།
2020.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་རག་ཉེན་རྟོག་ཕྱོགས་ཀྱི་དཔོན་རིགས་ཀྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། དབྱི་རག་གི་བདེ་འཇགས་མི་སྣ་བདུན་ལ་དབྱི་རག་བྱང་རྒྱུད་ཀྱི་ས་ལཱ་ཧོ་ཏིང་ཞིང་ཆེན་དུ་འཇབ་རྒོལ་ཕོག་ནས་རྐྱེན་ལམ་དུ་ཤོར་ཟེར།

ས་ལཱ་ཧོ་ཏིང་ཞིང་ཆེན་ཉེན་རྟོག་ཕྱོགས་ཀྱི་དཔོན་རིགས་མུའུ་ཧན་མོ་ཏེ·པ་ཆི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ས་གནས་དེ་གའི་ཉེན་རྟོག་ཕྱོགས་དང་ཞོན་ཉི་ཤོག་ཁག་གི་ཡུལ་དམག་གིས་ཉིན་དེའི་དགོང་མོར་ཞིང་ཆེན་དེའི་པའེ་དབྱི་ཅི་གྲོང་ཁྱེར་གྱི་བྱང་རྒྱུད་དུ། ལམ་འགྲམ་གྱི་འབར་མདེལ་ཞིག་གཏོར་སྐབས་ཐལ་སྐྱོད་རྩ་འཛུགས“དབྱི་སི་ལམ་རྒྱལ་ཁབ”ཀྱི་དྲག་ཆས་མི་སྣས་འཇབ་རྒོལ་བྱས་པ་དང་། ཕྱོགས་གཉིས་པོས་མེ་མདའ་རྒྱག་རེས་བྱས་པས་ཉེན་རྟོག་པ་གསུམ་དང་ཡུལ་དམག་བཞི་རྐྱེན་ལམ་དུ་ཤོར་བར་མ་ཟད། ཉེན་རྟོག་པ་གཞན་གཉིས་ལའང་རྨས་སྐྱོན་ཕོག་ཡོད། འཇབ་རྒོལ་བྱེད་མཁན་དོན་རྐྱེན་བཟོས་རྗེས་འཕྲལ་མར་ཉེ་འདབས་ཀྱི་རི་ཁུལ་དུ་བྲོས་ནས་གར་སོང་ཆ་མེད་དུ་གྱུར་པར་བརྟེན། དེའི་ཤི་རྨས་ཀྱི་གནས་ཚུལ་གསལ་བོ་མིན་ཟེར།

ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པར། དབྱི་རག་གིས“དབྱི་སི་ལམ་རྒྱལ་ཁབ”ལ་རྡུང་རྡེག་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་མིག་སྔར་དབྱི་རག་མངའ་ཁོངས་སུ་སྔར་བཞིན་ཐལ་སྐྱོད་པའི་ལྷག་འཕྲོ་ཁག་གཅིག་གིས་སྐབས་བསྟུན་འཇབ་རྒོལ་བྱེད་ཀྱིན་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།