སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་ཤིག་ལ་འགས་གཏོར་འཇབ་རྒོལ་ཐེབས་ཏེ་མེ་སྐྱོན་བྱུང་། 
2020.11.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 75

སོ་ཏི་ཨ་རབ་འཕྲིན་གཏོང་ཁང་གིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱི་མཚོ་འགྲམ་གྲོང་ཁྱེར་ཅི་ཏཱ་ཉེ་འདབས་ཀྱི་རྡོ་སྣུམ་སྒྲིག་ཆས་ཤིག་ལ་ཉིན་དེར་འཇིགས་སྐུལ་ཉེས་ཅན་གྱི་འགས་གཏོར་འཇབ་རྒོལ་ཐེབས་ཏེ་མེ་སྐྱོན་བྱུང་ཡང་། མི་སྣར་ཤི་རྨས་བཟོས་མེད་ཟེར། 

སོ་ཏི་ཨ་རབ་ཀྱི་ནུས་ཁུངས་པུའུ་ཡི་མགྲིན་ཚབ་པ་ཞིག་གིས་བཤད་རྒྱུར། ཚེས་ཉེར་གསུམ་ཉིན་གྱི་དུས་ཚོད་གསུམ་དང་སྐར་མ་ལྔ་བཅུའི་སྟེང་། འཇིགས་སྐུལ་ཉེས་ཅན་གྱིས་ཅི་ཏཱ་བྱང་ངོས་ཀྱི་འབར་རྫས་གསོག་ཅན་སྒྲིག་ཆས་ཤིག་ལ་འཇབ་རྒོལ་བྱས། སྒྲིག་ཆས་དེར་འགས་གཏོར་བྱུང་ནས་མེ་སྐྱོན་བྱུང་ཡང་། འཇབ་རྒོལ་དེ་ལས་མི་སྣར་ཤི་རྨས་ཐེབས་མེད་པ་དང་མེ་བསད་ཡོད་ཟེར། 

བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྡོ་སྣུམ་ཀུང་ཟིའི་རྡོ་སྣུམ་མཁོ་འདོན་ལ་ཤུགས་རྐྱེན་ཐེབས་མེད། 

སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་ཐུའུ་ཨར་ཅི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཡེ་མིན་ཧུའུ་སེ་དྲག་ཆས་པས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་པ་དང་། དེའི་འཇབ་རྒོལ་དམིགས་འབེན་ནི་སོ་ཏི་ཨ་རབ་ཀྱི་ཐོན་རྫས་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་བདེ་འཇགས་དང་མཁོ་འདོན་ཡིན་ཟེར། 

གཞན་ཡང་ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱས་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་བསྒྲགས་པ་ལྟར་ན། ཧུའུ་སེ་དྲག་ཆས་པས་སོ་ཏི་ཨ་རབ་ཀྱི་ཅི་ཏཱ་གྲོང་ཁྱེར་ཉེ་འདབས་ཀྱི་རྡོ་སྣུམ་སྒྲིག་ཆས་ཆེན་པོ་ཞིག་ལ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་ཟེར། 

ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལི་ཡཱ་ཡིས་བསྟན་དོན། ཐེངས་འདིའི་འཇབ་རྒོལ་དམིགས་འབེན་ནི་སོ་ཏི་ཨ་རབ་ཨ་མཱེ་ཀུང་ཟིའི་ཅི་ཏཱའི་རྡོ་སྣུམ་མཁོ་འདོན་སྒྲིག་ཆས་ཡིན་པ་དང་། དམིགས་ཡུལ་ནི་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་དམག་དཔུང་གིས་ཡེ་མིན་དུ་བཀག་སྡོམ་བྱས་པར་རྒོལ་ལན་སྤྲོད་པའི་ཆེད་དུ་ཡིན་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།