ཉི་ཅ་ལ་ཀྭའི་བྱང་རྒྱུད་དུ་འགྲིམ་འགྲུལ་ཆག་སྒོ་བྱུང་ནས་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།
2020.11.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ས་དེའི་སྨྱན་བྱད་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། ཉི་ཅ་ལ་ཀྭའི་བྱང་རྒྱུད་ཀྱི་ནུབ་ཀྱི་རྒྱ་མཚོ་ཆེན་པོ་བྱང་མའི་རང་སྐྱོང་ལྗོངས་སུ་ཉིན་དེར་འགྲིམ་འགྲུལ་ཆག་སྒོ་ཞིག་བྱུང་ནས། མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་ལྔར་རྨས་ཕོག

ཉིན་དེའི་ཕྱི་དྲོར། བཅོས་སྒྲིག་བྱས་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་རང་སྐྱོང་ལྗོངས་ཀྱི་ཝ་སི་ལ་ལ་གྲོང་ཁྱེར་ཉེ་འགྲམ་གྱི་ཞིང་སྡེའི་གཞུང་ལམ་དུ་བགྲོད་པའི་སྐབས་སུ། ཚོད་འཛིན་མ་ཐུབ་པར་རི་ལྡེབས་ཤིག་ཏུ་ལྷུང་། མིག་སྔར། རྨས་མ་དག་ཉེ་འགྲམ་གྱི་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་དང་ལེན་བྱས་པ་དང་། མི་མང་པོ་ཞིག་གི་རྨས་སྐྱོན་ཅུང་ལྕི།

བསྒྲགས་པ་ལྟར་ན། ཆག་སྒོ་བྱུང་བའི་རླངས་འཁོར་བཅོས་སྒྲིག་བྱས་རྗེས། ས་དེའི་ཞིང་སྡེའི་འགྲིམ་འགྲུལ་ཐད་བཀོལ་བཞིན་ཡོད་པ་དང་། མི་བདུན་ཅུ་ཤོང་། ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཆག་སྒོ་བྱུང་བའི་རྒྱུ་རྐྱེན་ནི་འཕྲུལ་ཆས་ལ་ཆག་སྐྱོན་བྱུང་བའི་རྐྱེན་རེད་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།