ཀུའུ་ཐི་ལེ་སི་ཡིས་སྤྱི་ཚོགས་གསར་པའི་གན་རྒྱ་དང་འཛམ་གླིང་སྲིད་གསར་ཅེས་པར་བརྟེན་ནས་དཔལ་འབྱོར་བསྐྱར་དར་ལ་རམ་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་།
2020.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་ཉེར་བཞི་ཉིན་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བསྐྱར་དར་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་ཡིན་པའི་བརྙན་རིས་སྒོར་ཅོག་གྲོས་ཚོགས་ཞིག་གི་སྟེང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབད་བརྩོན་ཆེན་པོས་སྤྱི་ཚོགས་གསར་པའི་གན་རྒྱ་དང་འཛམ་གླིང་ཡོངས་ཀྱི་སྲིད་གསར་ཅེས་པ་ལག་བསྟར་བྱས་ཏེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བསྐྱར་དར་འབྱུང་བར་བྱས་ནས། མི་ཚང་མར་རྒྱུན་སྲིང་འཕེལ་རྒྱས་ལོངས་སྤྱོད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།

གྲོས་ཚོགས་ཀྱི་བརྗོད་གཞི་ནི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བསྐྱར་དར་འབྱུང་བར་བྱས་ཏེ་མི་ཚང་མར་རྒྱུན་སྲིང་འཕེལ་རྒྱས་ལོངས་སུ་སྤྱོད་དུ་འཇུག་དགོས་ཞེས་པ་དེ་རེད། མིང་གྲགས་ཅན་གྱི་དཔལ་འབྱོར་རིག་པ་བ་མང་པོ་ཚོགས་འདུར་ཞུགས། ཀུའུ་ཐི་ལེ་སི་ཡིས་ཤིས་ཚིག་འབུལ་སྐབས། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་མི་ས་ཡ་ལྷག་རྐྱེན་ལམ་དུ་བཏང་བ་དང་། མི་དུང་ཕྱུར་གཅིག་ལྷག་དབུལ་ནག་ཏུ་འགྱུར་བཞིན་ཡོད་ལ། བཀྲེས་ལྟོགས་ཀྱི་སྣང་ཚུལ་དང་འདྲ་མཉམ་མིན་པའི་སྣང་ཚུལ་གྱི་ཚབས་ཇེ་ཆེར་འགྲོ་བཞིན་ཡོད། དེ་དང་མཉམ་དུ་སློབ་གསོའི་མཚམས་ཆད་པ་ལས་བླུན་རྨོངས་ཀྱི་མི་རབས་ཤིག་འབྱུང་ཉེན་ཆེ་ལ། ཕོ་མོའི་ཁྱད་པར་ཡང་རྒྱུན་མ་ཆད་པར་ཇེ་ཆེར་འགྲོ་བཞིན་ཡོད་ཟེར།

ཁོས་ནན་གྱིས་བསྟན་དོན། གོང་གི་གནད་དོན་དག་ཐག་གཅོད་དགོས་ན། རྒྱལ་སྤྱིའི་རིམ་པ་ནས་འཛམ་གླིང་ཡོངས་ཀྱི་སྲིད་གསར་ཅེས་པ་ལག་བསྟར་བྱས་ཏེ། དབང་ཆ་དང་ཐོན་ཁུངས། གོ་སྐབས་བཅས་འཛམ་གླིང་རིམ་པ་ནས་མཉམ་སྤྱོད་སྔར་ལས་བཟང་པོ་བྱེད་དགོས་པར་མ་ཟད། བཅོས་སྐྱོང་རྐྱེན་སྲོལ་གྱིས་སྔར་ལས་བཟང་པོར་དེང་སྐབས་ཀྱི་དངོས་ཡོད་གནས་ཚུལ་མཚོན་པར་བྱེད་དགོས། དེས་མི་ཚད་རྒྱལ་ཁབ་རིམ་པ་རྨང་གཞིར་བྱས་པའི་སྤྱི་ཚོགས་གསར་པའི་གན་རྒྱ་ཞེས་པའི་ལམ་ལུགས་ཤིག་བསྐྲུན་དགོས་ལ། དེའི་ཁྱད་ཆོས་ནི་སློབ་གསོར་ཧ་ཅང་མཐོང་ཆེན་བྱེད་པར་མ་ཟད། སློབ་གསོ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དོ་སྙོམས་སུ་གཏོང་བྱེད་གཙོ་བོར་བརྩི་རྒྱུ་དེ་ཡིན་ཟེར།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། དཔལ་འབྱོར་འཕར་བའི་སྔོན་འགྲོའི་ཆ་རྐྱེན་ནི་པྲོག་གསར་གློ་ཚད་ལ་ཚོད་འཛིན་བྱེད་རྒྱུ་དེ་ཡིན་པས། པྲོག་གསར་གློ་ཚད་ཀྱི་འགོག་ཁབ་དང་ནད་དུག་ཞིབ་བཤེར། སྨན་བཅོས་བྱེད་ཐབས་བཅས་ངེས་པར་དུ་འཛམ་གླིང་ཡོངས་ཀྱི་སྤྱི་ཐུན་ཐོན་རྫས་སུ་འགྱུར་བར་བྱེད་དགོས་པ་མ་ཟད། མི་ཚང་མར་དེ་དག་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས། དེ་དང་མཉམ་དུ། ངེས་པར་དུ་མ་དངུལ་ལེགས་སྒྲིག་གིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་རྒྱུན་སྲིང་འཕེལ་རྒྱས་ཀྱི་ལམ་དུ་འདྲེན་དགོས་ཟེར།

ཉིས་སྟོང་ཉི་ཤུ་ལོའི་ཟླ་བདུན་པར། ཀུའུ་ཐི་ལེ་སི་ཡིས་དཔལ་འབྱོར་རིག་པ་བ་གཙོ་བོར་ཞུགས་པའི་མུ་འབྲེལ་སྒོར་ཅོག་གྲོས་ཚོགས་བསྡུས་ཏེ། དེང་སྐབས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་བར་མ་ཟད། མ་ལག་རང་བཞིན་དང་ཡུན་རིང་གི་སྒྱུར་བཅོས་སྐུལ་འདེད་བཏང་། སྐོར་ཅོག་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ནི་བུད་མེད་འགོ་ཁྲིད་པའི་ལྟ་ཚུལ་ཅེས་པ་དེ་ཡིན་ལ། སྒོར་ཅོག་གྲོས་ཚོགས་ཐེངས་གཉིས་པའི་བརྗོད་གཞི་ནི་ན་གཞོན་བུད་མེད་དཔལ་འབྱོར་རིག་པ་བའི་ལས་ཞུགས་དང་ནམ་ཟླའི་འགུལ་སྐྱོད་ཐད་ཀྱི་ལྟ་ཚུལ་ཅེས་པ་དེ་རེད། ཐེངས་འདིའི་གྲོས་ཚོགས་ནི་སྒོར་ཅོག་གྲོས་ཚོགས་ཐེངས་གསུམ་པ་རེད།

ལོ་ཙཱ་བ། ཕྱུག་ལོ།