ཁོ་ལོམ་པི་ཡ་སྲིད་གཞུང་གིས་འཕྲོད་བསྟེན་ཛ་དྲག་གནས་བབ་ཀྱི་དུས་ཡུན་རྗེས་ལ་བསྣུར་རྒྱུ་ཁྱབ་བསྒྲགས་བྱས།
2020.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁི་ཡིས་ཁྱབ་བསྒྲགས་བྱས་དོན། རིམས་ནད་སྔར་ལས་རྒྱ་ཡན་དུ་འགྲོ་བར་ཚོད་འཛིན་བྱེད་པ་མ་ཟད་ནད་པ་རྩད་གཅོད་པར་ཤུགས་སྣོན་ཆེད།  ད་ལྟ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་ཛ་དྲག་གི་གནས་བབ་དེ་སང་ལོའི་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་བར་རྗེས་ལ་བསྣུར་རྒྱུ་དང་། གདམ་གསེས་རང་བཞིན་གྱི་ལོགས་བཀར་དུས་ཡུན་ཡང་དུས་མཉམ་དུ་རྗེས་ལ་བསྣུར་རྒྱུ་ཡིན་ཟེར།

ཁོ་ལོམ་པི་ཡའི་ས་གནས་སོ་སོའི་རིམས་ནད་མཆེད་པའི་ཁྱད་ཆོས་དང་མགྱོགས་ཚད་ཀྱི་ཁྱད་པར་མངོན་གསལ་ཡིན་པ་དང་། རིམས་འགོག་གནས་བབ་སྔར་བཞིན་ཛ་དྲག་ཆེ།  ཁོ་ལོམ་པི་ཡ་རྒྱལ་ཁབ་འཕྲོད་བསྟེན་ཞིབ་འཇུག་ཁང་གིས་ཚེས་ཉེར་ལྔ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་ཁབ་དེར་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་བརྒྱད་དང་བཞི་བརྒྱ་གོ་བདུན་འཕར་སྣོན་བྱུང་བ་དང་།  བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བདུན་དང་དགུ་བརྒྱ་གོ་གཅིག་ལ་སླེབས།  རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་གྱ་གསུམ་འཕར་སྣོན་བྱུང་བ་དང་། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གསུམ་དང་སྟོང་ལྔ་བརྒྱད་བརྒྱ་དྲུག་ཅུ་ལ་སླེབས།

ཁོ་ལོམ་པི་ཡའི་འཕྲོད་བསྟེན་དང་སྤྱི་ཚོགས་འགན་སྲུང་པུའུ་ཀྲང་ལུའུ་དབྱི་སི་ཡིས་ཉིན་དེར་བཤད་རྒྱུར། སྲིད་གཞུང་གིས་ཉིས་སྟོང་ཉེར་གཅིག་ལོའི་ དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་སྨན་བཅོས་མི་སྣ་འབུམ་བརྒྱད་དང་། ལོ་དྲུག་ཅུ་ཡན་གྱི་ལོ་ལོན་ས་ཡ་དྲུག་དང་འབུམ་བརྒྱད་དང་རྨང་གཞིའི་རིམས་ནད་ཕོག་པའི་ནད་པ་ས་ཡ་དྲུག་དང་འབུམ་བཞི་སོགས་ཉེན་ཁ་ཆེ་བའི་ཚོགས་པར་ཐོག་མར་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་འཆར་གཞི་ཡོད་ཟེར།

ལོ་ཙཱ་བ། བཀྲ་ཤིས་འབུམ།