མོ་རོ་ཁོའི་མཚོ་དམག་གིས་ས་དབུས་རྒྱ་མཚོའི་སྟེང་བྲོས་བྱོལ་བ་ལྔ་བཅུ་བཀག་འགོག་བྱས།
2020.11.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

མོ་རོ་ཁོའི་སྨྱན་བྱད་ཀྱིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། མོ་རོ་ཁོའི་མཚོ་དམག་གི་ཁོངས་སུ་གཏོགས་པའི་མཚ་འགྲམ་ཉེན་སྲུང་རུ་ཁག་གིས་ཚེས་ཉེར་ལྔ་ཉིན་ས་དབུས་རྒྱ་མཚོའི་སྟེང་བྲོས་བྱོལ་བ་ལྔ་བཅུ་བཀག་འགོག་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན།  མོ་རོ་ཁོའི་མཚོ་འགྲམ་གྱི་ཉེན་སྲུང་རུ་ཁག་གིས་རྒྱལ་ཁབ་དེའི་བྱང་རྒྱུད་ཀྱི་གྲོང་ཁྱེར་ནཱ་ཙུའུ་ཨེར་ཉེ་འགྲམ་གྱི་མཚོ་ཁུངས་ནས་གྲུ་གཟིངས་ཤིག་བཀག་འགོག་བྱས་པ་དང་། གྲུ་ཐོག་ཏུ་ས་ཧྭ་ལ་ནུབ་རྒྱུད་རྒྱལ་ཁབ་ཀྱི་བྲོས་བྱོལ་བ་ལྔ་བཅུ་ཡོད་ཟེར།

གསར་འགྱུར་ནང་བཤད་རྒྱུར། མཚོ་འགྲམ་གྱི་ཉེན་སྲུང་རུ་ཁག་གིས་གྲུ་ཐོག་ཏུ་བུད་མེད་གཉིས་དང་བྱིས་པ་གཉིས་ཀྱི་བེམ་པོ་རྙེད་པ་དང་། གྲུ་ཐོག་གི་བདེ་ཐང་གནས་བབ་ཞན་པའི་མི་དག་ལ་ངེས་མཁོའི་མྱུར་སྐྱོབ་སྤེལ་ཟེར།

མོ་རོ་ཁོ་དང་སི་ཕེན་གཉིས་ཀྲི་པི་ལུའོ་ཐུའོ་མཚོ་འགག་གི་ཕྱོགས་གཉིས་སུ་ཆགས་ཡོད་པ་དང་། ས་ཆ་གཉིས་བར་གྱི་འཕྲེད་སྒྲོལ་འཁོར་གྲུའི་ལམ་ཐག་སྐར་མ་བཞི་བཅུ་ཡོད་ལ། མོ་རོ་ཁོ་ནས་སི་ཕེན་དུ་བསྐྱོད་པ་ནི་ཁྲིམས་འགལ་གནས་སྤོར་མི་སྣ་ཡོ་རོབ་གླིང་དུ་བསྐྱོད་པའི་ལམ་ཐིག་གཅོ་བོའི་གྲས་ཀྱི་གཅིག་ཡིན།

ལོ་ཙཱ་བ། རིན་ཆེན་མཚོ།