རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གིས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་གྲུ་གཟིངས་ཤིག་འགས་གཏོར་བཏང་།
2020.11.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

སོ་ཐི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གིས་ཚེས་ཉེར་ལྔ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེར་ཧོང་ཧའེ་རྒྱ་མཚོའི་ལྷོ་རྒྱུད་ཀྱི་མཚོ་ཁོངས་ནས་ཡེ་མིན་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་འགས་གཏོར་དངོས་རྫས་དབོར་བའི་གྲུ་གཟིངས་ཤིག་འགས་གཏོར་བཏང་བ་དང་། ཉེ་འགྲམ་དུ་བསྡད་ཡོད་པའི་ཞི་ལའི་སྣུམ་སྐྱེལ་གྲུ་གཟིངས་ཤིག་ལ་གཏོར་བརླག་ཅུང་ཙམ་ཐེབས་ཟེར།

རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གིས་བཤད་རྒྱུར། ཡེ་མིན་ཧུའུ་སའེ་དྲག་ཆས་ཀྱི་དགྲ་འཛིན་སྤྱོད་ཚུལ་གྱིས་མཚོ་སྐྱེལ་ལམ་ཐིག་དང་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་ལ་འཇིགས་སྣང་སྐུལ་ཟེར།

སོ་ཐི་སྨྱན་བྱད་ཀྱིས་བསྒྲགས་པའི་ལྟར་ན། མ་ཨེར་ཐའི་རྒྱལ་རྟགས་བཀལ་བའི་ཞི་ལའི་སྣུམ་གྲུའི་སྤྱི་གཉེར་པའི་བཤད་རྒྱུར། སྣུམ་གྲུ་དེར་ཧོང་ཧའེ་རྒྱ་མཚོའི་ཉེ་འགྲམ་གྱི་སོ་ཐིའི་གྲུ་ཁ་རུ་གང་ཡིན་མི་ཤེས་པའི་འཇབ་རྒོལ་ཐེབས་ནས། སྣུམ་གྲུའི་ཟུར་ངོས་ལ་གས་སྲུབས་བྱུང་ཟེར།

ཡེ་མིན་ཧུའུ་སའེ་དྲག་ཆས་ཀྱིས་དེའི་སྔོན་དུ་མི་མེད་གནམ་གྲུ་དང་འཕར་མདའ་སྤྱད་དེ་སི་ཐིའི་མངའ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་ཐེངས་མང་བྱས་པ་དང་། ཟླ་འདིའི་ཚེས་ཉེར་གསུམ་ཉིན། སོ་ཐིའི་མཚོ་འགྲམ་གྲོང་ཁྱེར་ཅི་ཏའི་ཉེ་འགྲམ་གྱི་རྡོ་སྣུམ་སྒྲིག་ཆས་ལ་འཇབ་རྒོལ་ཐེབས་རྗེས་འགས་གཏོར་བྱུང་ནས་མེར་ཤོར་བ་དང་། མི་སྣའི་འཆི་རྨས་གཅིག་ཀྱང་མ་བྱུང་།

ལོ་ཙཱ་བ། རིན་ཆེན་མཚོ།