ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་མི་གཞུང་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད། 
2021.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཀྲུང་གོར་སྡོད་པའི་ཐཱ་ཅི་ཁི་སི་ཐན་གྱི་གཞུང་ཚབ་ཆེན་མོ་སཱ་དབྱེ་ཏི་ཙོ་ཏཱ་ཡིས་ཚེས་བཅུ་གཉིས་ཉིན་པེ་ཅིང་ནས་བསྟན་དོན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ད་ལྟའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཐཱ་ཅི་ཁི་སི་ཐན་གྱིས་ཀྲུའུ་ཞི་རྒྱལ་ཁབ་ཀྱི་ལས་འགན་ལག་བསྟར་གང་ལེགས་བྱེད་རྒྱུ་ཡིན། ད་ལོའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རིག་གནས་ལོ་ཞེས་པའི་བྱ་འགུལ་གོ་སྐབས་སུ་བརྩིས་ཏེ། རྒྱལ་ས་ཏུའུ་ཧྲང་པེ་ནས་མི་གཞུང་བརྗེ་རེས་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན། 

སཱ་དབྱེ་ཏི་ཙོ་ཏཱ་ཡིས་ཉིན་དེར་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་དོན། ད་ལོར་སྤེལ་རྒྱུ་ཡིན་པའི་མི་གཞུང་བརྗེ་རེས་བྱ་འགུལ་ལ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་གླེང་སྟེགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཉིས་སྟོང་ཉེར་གཅིག་ལོའི་ཏུའུ་ཧྲང་པེ་མཱ་ལཱ་སུང་རྒྱང་རྒྱུག་སོགས་འདུས། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ད་རུང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་བཟོ་ལས་དང་ནུས་ཁུངས་པུའུ་ཀྲང་གི་གྲོས་ཚོགས་ཐོག་མ་དང་། གྲངས་ལྡན་དཔལ་འབྱོར་དང་གློག་རྡུལ་ཚོང་དོན། གསར་གཏོད་བཅས་བརྗོད་སྙིང་ཡིན་པའི་སྒོར་ཅོག་གྲོས་ཚོགས་བསྡུ་རྒྱུའི་འཆར་གཞི་ཡོད་པར་མ་ཟད། རྒྱལ་ཁོངས་བརྒལ་བའི་སྐྱེལ་འདྲེན་དང་འབྲུ་རིགས་བདེ་འཇགས། ཆུའི་ཐོན་ཁུངས་སོགས་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་ཡིན། 

སཱ་དབྱེ་ཏི་ཙོ་ཏཱ་ཡིས་བཤད་རྒྱུར། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་མཉམ་དུ། ད་ལོའི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཡིག་ཆའི་འཆར་ཟིན་གྱི་གྲ་སྒྲིག་བྱ་བར་སྐུལ་འདེད་གཏོང་རྒྱུ་ཡིན། 

དེང་སྐབས་པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་འཛམ་གླིང་ཡོངས་སུ་མཆེད་བཞིན་ཡོད་ལ། སཱ་དབྱེ་ཏི་ཙོ་ཏཱ་ཡིས་བཤད་རྒྱུར། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་དུ་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱེད་པ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་སྨན་བཅོས་འཕྲོད་བསྟེན་ཐད་ནས་སྤེལ་བའི་ལས་གཞི་གལ་ཆེན་དངོས་འབེབ་བྱེད་པ་དང་། མཉམ་ལས་ཀྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས་ཏེ། རིམས་ནད་ལས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་བཟོས་པའི་གནོད་པ་ཇེ་ཆུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་། 

ད་ལོ་ནི་ཧྲང་ཧེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བའི་ལོ་ཡིན། ཁོས་བཤད་རྒྱུར། ཐཱ་ཅི་ཁི་སི་ཐན་གྱིས་མུ་མཐུད་དུ་ཧྲང་ཧེ་སྙིང་སྟོབས་སྲུང་འཛིན་དང་། བདེ་འཇགས་དང་དཔལ་འབྱོར་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཁྱད་སྟོབས་ལ་ཁག་ཐེག་བྱེད་པ། རྩ་འཛུགས་ནང་ཁུལ་གྱི་གོང་བུར་འདྲིལ་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་པར་སྐུལ་འདེད་གཏོང་རྒྱུ་ཡིན། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།