མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་འགུལ་སྐྱོད་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་། 
2021.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གཅིག་ཉིན་སྤེལ་བའི་གོ་ལ་གཅིག་ཅེས་པའི་མཐོ་རིམ་གྲོས་ཚོགས་སྟེང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧུར་ཐག་སྒོས་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་འགུལ་སྐྱོད་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པའི་ཁྲོད་ནས་སླར་གསོ་བྱེད་པའི་བརྒྱུད་རིམ་དེས་འཛམ་གླིང་ཡོངས་ལ་མདུན་བསྐྱོད་ཀྱི་ཁ་ཕྱོགས་བསྒྱུར་བའི་གོ་སྐབས་འདོན་སྤྲོད་བྱས་ཏེ། མིའི་རིགས་དང་རང་བྱུང་ཁམས་བར་འགལ་བ་མེད་པའི་ལམ་དུ་ཞུགས་དགོས། 

ཁོས་བསྟན་དོན། མིའི་རིགས་ཀྱིས་རྒྱུན་ཆད་མེད་པར་མཁའ་དབུགས་དང་ས་ཞིང་། ཆུ་བཅས་སྦགས་བཙོག་བཟོས་པ་དང་། རྒྱ་མཚོའི་ནང་དུ་འགྱིག་ཤོག་གིས་ཁེངས་པར་བྱས་འདུག རང་བྱུང་ཁམས་ཆེན་མོས་དྲོད་ཚད་ཟིན་ཐོ་ལས་བརྒལ་བ་དང་སྐྱེ་དངོས་སྣ་མང་ཅན་ཉམས་དམས་སུ་སོང་བ། བྱེ་ཐང་རྒྱ་ཇེ་ཆེར་འགྲོ་བ། མེ་སྐྱོན་དང་ཆུ་ལོག དྲག་རླུང་བཅས་སྔར་ལས་ཇེ་མང་དང་ཐལ་དྲགས་པར་གྱུར་ནས་ང་ཚོར་འཁོན་ལན་སློག་བཞིན་ཡོད། 

ཀུའུ་ཐི་ལོས་སི་ཡིས་རྒྱལ་ཁབ་སོ་སོས་པྲོག་གསར་གློ་ཚད་རིམས་ནད་ལས་བཟོས་པའི་གཏོར་བརླག་རང་བཞིན་གྱི་མཇུག་འབྲས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས། ཁོས་ནན་གྱིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པའི་ཁྲོད་དུ་སླར་གསོ་བྱེད་པ་ནི་ང་ཚོས་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྒྱུར་བའི་གོ་སྐབས་བཟང་བོ་ཞིག་ཡིན། སྲིད་ཇུས་བཟང་བོ་དང་དངུལ་གཏོང་འོས་འཚམ་ལ་བརྟེན་ནས་ང་ཚོས་བགྲོད་ལམ་ཅིག་འཆར་འགོད་བྱེད་ཐུབ་པ་དང་། མི་ཚང་མར་བདེ་ཐང་འབྱུང་བ་དང་དཔལ་འབྱོར་སླར་གསོ་བྱེད་པ། འགོག་སྲུང་ནུས་པ་འཛུགས་ཐུབ་པར་མ་ཟད། སྐྱེ་དངོས་སྣ་མང་ཅན་མྱུར་སྐྱོབ་བྱེད་ཐུབ་པ་ཡིན། 

ཀུའུ་ཐི་ལོས་སི་ཡིས་ད་རུང་དར་རྒྱས་མིན་པའི་རྒྱལ་ཁབ་དང་གླིང་ཕྲན་རྒྱལ་ཁབ་སོགས་ཆེས་ཉམས་ཞན་གྱི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན་པ་དང་། རྒྱལ་ཁབ་དེ་དག་ལ་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་བཞིན་ཡོད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོ་སྐབས་དམ་འཛིན་སྒོས་སྔར་ལས་བདེ་འཇགས་དང་འདྲ་མཉམ། རྒྱུན་མཐུད་ཐུབ་པའི་འཛམ་གླིང་གསར་བ་ཞིག་མཉམ་དུ་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཉིན་དེར་རྒྱལ་ཁབ་མང་པོའི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་སོགས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་དངུལ་ཁང་། ཧྥ་རན་སིའི་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྤེལ་བའི་གོ་ལ་གཅིག་ཅེས་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས། ཚོགས་ཞུགས་མཁན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འགུལ་སྐྱོད་སྤེལ་ནས་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་དེ་སྐུད་ཐོག་བརྙན་རིས་ཀྱི་རྣམ་པས་སྤེལ་བ་རེད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།