མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བསྟུད་འགན་ཁུར་བར་བརྩོན་ལེན་བྱེད་རྒྱུ་རེད། 
2021.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 66

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་བཅུ་གཅིག་ཉིན་བདེན་དཔང་བྱས་དོན། ད་ལྟའི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བསྟུད་འགན་ཁུར་བར་བརྩོན་ལེན་བྱེད་རྒྱུ་རེད། 

ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། སྐབས་དོན་ལྔ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་པའོ་ཙི་ཁི་ཨར་གྱིས་ཚེས་བརྒྱད་ཉིན་ཀུའུ་ཐི་ལོས་སི་ལ་འཕྲིན་ཡིག་བསྐུར་ཏེ། ཁོར་བསྟུད་འགན་ཁུར་བའི་རེ་འདུན་ཡོད་མེད་དྲིས། དྲུང་ཡིག་ཆེན་མོས་ཚེས་བཅུ་གཅིག་ཉིན་ཁོར་བཤད་རྒྱུར། གལ་ཏེ་ཁོངས་གཏོགས་རྒྱལ་ཁབ་དག་ཡིད་འཐད་ཡིན་ན་ཁོས་བསྟུད་འགན་ཁུར་འདོད་ཡོད། 

ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་རང་ཉིད་ཀྱི་ཆོད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་ས་ཁུལ་རྩ་འཛུགས་ཀྱི་འགན་ཁུར་བར་བཤད་ཡོད་ཀྱང་། མིག་སྔར་ཁོངས་གཏོགས་རྒྱལ་ཁབ་ཀྱིས་རྣམ་འགྱུར་ག་འདྲ་སྟོན་པར་བརྡར་གཅོད་དང་འདེམ་སྒུག་མི་སྣ་གཞན་པ་ཡོད་མིན་ལ་ཚོད་དཔག་བྱས་ན་ཅུང་སྔ་འདུག། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལས་འགན་དེ་ངེས་པར་དུ་ཐོག་མར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཚམས་སྦྱོར་བྱས་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་བསྐོ་འཇོག་བྱེད་དགོས་པ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དྲུང་ཡིག་ཆེན་མོའི་འདེམ་བསྐོའི་བརྒྱུད་རིམ་ཁྲོད་གནད་འགག་གི་ནུས་པ་ཐོན་བཞིན་ཡོད་ལ། རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔར་དྲུང་ཡིག་ཆེན་མོའི་འདེམ་སྒུག་པར་ཁས་ལེན་མི་བྱེད་པའི་དབང་ཆ་ཡོད་པ་རེད། དྲུང་ཡིག་ཆེན་མོའི་འགན་ཡུན་ལོ་ལྔ་ཡིན་པ་དང་བསྟུད་འགན་ཁུར་ཆོག་པ་ཡིན། 

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་མགྲིན་ཚབ་པ་ཝ་ཨར་མཱ་ཡིས་ཉིན་དེར་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི་ཡིས་ཚེས་བཅུ་གཉིས་ཉིན་གྱི་རྒྱུན་སྲོལ་གྲོས་ཚོགས་སྟེང་སྐབས་རྗེས་མའི་དྲུང་ཡིག་ཆེན་མོའི་འདེམ་བསྐོའི་བརྒྱུད་རིམ་ལ་གྲོས་བསྡུར་བྱེད་རྒྱུ་རེད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།