ཁུ་པཱའི་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁས་ཁུ་པཱ་རྒྱལ་ཁབ་ཡང་བསྐྱར་འཇིགས་སྐུལ་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་བཞག་པར་རྒོལ་གཏམ་བཏང་། 
2021.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 54

ཁུ་པཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཁུ་པཱ་རྒྱལ་ཁབ་ཡང་བསྐྱར་འཇིགས་སྐུལ་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་བཞག་པར་ཁ་རྡུང་དྲག་པོ་བཏང་བ་དང་། ཨ་མེ་རི་ཁའི་བྱ་སྤྱོད་དེ་ནི་ཆབ་སྲིད་སྐབས་འཚོལ་དམིགས་ཡུལ་ལས་བྱུང་བ་ཡིན། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁས་ཁུ་པཱ་འཇིགས་སྐུལ་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་བཞག་པ་ནི་ཁྲེལ་མེད་དང་རྫུན་བཟོའི་བྱ་སྤྱོད་ཅིག་ཡིན་པ་དང་། དེའི་དམིགས་ཡུལ་ངོ་མ་ནི་ཁུ་པཱ་དང་ཨ་མེ་རི་ཁའི་འབྲེལ་བ་ལེགས་བཅོས་བྱེད་པའི་རེ་འདུན་འགྲུབ་པར་བཀག་རྒྱ་བཟོ་བའི་ཆེད་དུ་རེད། ཁུ་པཱ་ནི་འཇིགས་སྐུལ་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་མིན་ཞིང་། ཁུ་པཱ་ཡིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་བཞིན་ཡོད་ལ། ཁུ་པཱ་ནི་འཇིགས་སྐུལ་རིང་ལུགས་ཀྱི་གནོད་པ་ཐེབས་མཁན་ཡིན། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁས་ཕྱོགས་གཅིག་ནས་སྤེལ་བའི་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོ་དེར་ཁྲིམས་མཐུན་རང་བཞིན་མི་ལྡན་པ་དང་། ཨ་མེ་རི་ཁས་མིང་ཐོ་དེ་སྐུར་འདེབས་ཀྱི་བྱེད་ཐབས་སུ་བྱས་ཏེ་ཨ་མེ་རི་ཁའི་གང་འདོད་ཀྱི་བྱ་སྤྱོད་ཁས་ལེན་མི་བྱེད་པའི་རྒྱལ་ཁབ་དག་ལ་བཙན་ཤེད་ཀྱིས་དཔལ་འབྱོར་བཀག་སྡོམ་ལག་བསྟར་བྱེད་པ་རེད། 

ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་བཅུ་གཅིག་ཉིན་ཁུ་པཱ་ཡང་བསྐྱར་འཇིགས་སྐུལ་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་བཞག་པ་ཁྱབ་སྒྲོག་བྱས་པ་དང་། རྒྱུ་མཚན་ནི་ཁུ་པཱ་ཡིས་འཇིགས་སྐུལ་ཉེས་ཅན་ལ་འགེབ་སྲུང་བྱས་པ་དང་ཝེ་ནེ་ཙུའེ་ལཱ་དང་ས་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་བྱས་པ་ཡིན་ཟེར། ཆོད་དོན་དེ་ནི་ད་ལྟའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་འགན་ཡུན་ལོངས་པ་དང་གསར་དུ་བདམས་པའི་ཙུང་ཐུང་པེད་ཏིན་གྱིས་མི་འགྱངས་པར་ལས་འགན་ཁུར་བའི་སྐབས་སུ་བཏོན་པ་ཡིན་པས། བསམ་བཞིན་དུ་པེད་ཏིན་སྲིད་གཞུང་གིས་དུས་ཡུན་ཐུང་ངུའི་ནང་ཁུ་པཱའི་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པར་བཀག་རྒྱ་བཟོས་པ་ཡིན་པར་འདོད་ཡོད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།