དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བདུན་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་བསད། 
2021.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 79

དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་དབྱི་རག་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་ཞིང་ཆེན་གྱི་སྦས་སྐོང་བྱེད་སར་བར་སྣང་ནས་འཇབ་རྒོལ་བྱས་ཏེ། དྲག་ཆས་ཉེས་ཅན་བདུན་བསད། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེའི་སྐྱ་རེངས་ཤར་བའི་སྐབས་སུ་ཅི་ཨར་ཁུའུ་ཁི་ཞིང་ཆེན་ལྷོ་ངོས་ཀྱི་རི་ཁུལ་དུ་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་སར་བར་སྣང་འཇབ་རྒོལ་བྱས། དེའི་རྗེས་སུ་འབྱོར་བའི་དབྱི་རག་བདེ་འཇགས་དམག་དཔུང་གིས་སྦས་སྐོང་བྱེད་ས་ནས་འགས་གཏོར་སྒྲིག་ཆས་དང་འཕྲིན་གཏོང་སྒྲིག་ཆས་རྙེད་ཡོད་པར་མ་ཟད་ས་འོག་ཕུག་ལམ་ཞིག་ཀྱང་རྙེད་ཡོད་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།