ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སྔ་མོ་ནས་པྲོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་དགོས་པའི་འབོད་སྐུལ་བཏང་། 
2021.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 118

འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལས་རྐྱེན་ལམ་དུ་ཤོར་བའི་ནད་པ་ས་ཡ་གཉིས་ལས་བརྒལ་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་ལྔ་ཉིན་བརྙན་རིས་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་མཐུན་སྒྲིལ་དམ་ཟབ་དང་མཐུན་སྦྱོར་གཅིག་གྱུར་བྱེད་པ་དང་། ཚེ་སྲོག་མྱུར་སྐྱོབ་བྱེད་པར་བརྩོན་ལེན་བྱས་ཏེ་སྔ་མོ་ནས་པྲོ་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་དེ་འཛམ་གླིང་ཡོངས་ཀྱི་ཡུལ་ཕྱོགས་སོ་སོར་མཆེད་ཡོད། པྲོག་གསར་གློ་ཚད་རིམས་ནད་མཆེད་པ་ལས་སྤྱི་ཚོགས་དང་དཔལ་འབྱོར་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅིང་། རྒྱལ་ཁབ་སོ་སོར་བྱ་བའི་ལས་གནས་མང་བོ་ཤོར་ནས། མི་ཁྲི་སྟོང་མང་བོ་དབུལ་ཕོངས་དང་ལྟོགས་སྐོམ་གྱི་གནས་སུ་ལྷུང་ཡོད་ཟེར། ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མཐུན་སྦྱོར་གཅིག་གྱུར་གྱི་འཛམ་གླིང་ཡོངས་ཀྱི་འགུལ་སྐྱོད་ཅིག་དཀོན་པའི་དབང་གིས། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་སྐྱོན་གཙོ་བོ་ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་ཡོད་ཟེར། 

པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གླེང་བའི་སྐབས་སུ་ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཡོང་འབབ་མཐོ་བའི་རྒྱལ་ཁབ་དག་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོབ་བཞིན་ཡོད་པ་དང་། རྒྱལ་ཁབ་རེ་འགས་རྒྱལ་ཁབ་རང་ལ་མཁོ་བའི་འགོག་སྨན་ཉོ་སྡུད་བྱས་ཡོད། ཆེས་དབུལ་ཕོངས་ཡིན་པའི་རྒྱལ་ཁབ་དག་འགོག་སྨན་ལ་ལས་འབྲེལ་མེད་པར་གྱུར་ཡོད་ཟེར། ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། རྒྱལ་ཁབ་སོ་སོའི་སྲིད་གཞུང་ལ་རྒྱལ་ཁབ་རང་གི་མི་དམངས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་ཀྱང་། འགོག་སྨན་རྒྱལ་ཁབ་རིང་ལུགས་ལག་བསྟར་བྱས་ན་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་སྲིད་ལ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་བྱེད་པར་འགོར་འགྱངས་བྱེད་ཟེར། ཁོས་འགོག་སྨན་ཐོན་སྐྱེད་བྱེད་མཁན་གྱིས་འགོག་སྨན་དེ་འདང་ཚིམས་པར་མཁོ་འདོན་བྱེད་པ་དང་འདྲ་མཉམ་བགོ་བཤའ་བྱེད་པར་འགན་སྲུང་བྱེད་རྒྱུའི་ཁས་ལེན་དམ་བཅའ་བྱེད་དགོས་པའི་རེ་བ་བཏོན། 

ཀུའུ་ཐི་ལོས་སི་ཡིས་ད་རུང་རྒྱལ་ཁབ་སོ་སོས་འགོག་སྨན་ལྷག་འཕྲོ་མཉམ་སྤྱོད་བྱེད་པར་ཁས་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་། དེ་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་སྨན་བཅོས་བདེ་སྲུང་མི་སྣར་མྱུར་དུ་འགོག་སྨན་བརྒྱག་པར་ཕན་ཐོགས་ཡོད་པ་དང་། དེ་ལྟར་བྱས་ན་རྒྱལ་ཁབ་སོ་སོའི་འཕྲོད་བསྟེན་མ་ལག་ཉམས་དམས་སུ་འགྲོ་མི་སྲིད་པས་ཡིན་ཟེར། དེ་ལས་གཞན་མི་ཆོས་རིང་ལུགས་ཀྱི་བྱ་བ་བྱེད་མཁན་སོགས་ལས་ཡུལ་དང་པོའི་མི་སྣར་སྔོན་ལ་འགོག་སྨན་བརྒྱག་པར་འགན་སྲུང་བྱེད་དགོས་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།