ཧྥེ་ལེ་པེན་གྱི་དམག་བཀོལ་གྱེན་འཕུར་གནམ་གྲུ་ཞིག་སར་ལྷུང་ནས་མི་བདུན་རྐྱེན་ལམ་དུ་ཤོར། 
2021.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཧྥེ་ལེ་པེན་མཁའ་དམག་གི་ཞིག་དབྱིUH-1རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཞིག་ཉིན་དེར་ཧྥེ་ལེ་པེན་ལྷོ་ཕྱོགས་ཀྱི་པུའུ་ཅི་ནོང་ཞིང་ཆེན་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི་བདུན་པོ་ཚང་མ་རྐྱེན་ལམ་དུ་ཤོར་ཟེར། 

ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་བཤད་རྒྱུར། གྱེན་འཕུར་གནམ་གྲུ་དེས་ཉིན་དེའི་ཕྱི་དྲོར་མཁོ་སྒྲུབ་དངོས་པོ་སྐྱེལ་འདྲེན་བྱེད་པའི་ལས་འགན་ལག་བསྟར་བྱེད་པའི་ལམ་བར་ནས་པུའུ་ཅི་ནོང་ཞིང་ཆེན་གྱི་ཞིང་ས་ཞིག་གི་སྟེང་དུ་ལྷུང་བ་དང་། གནམ་གྲུའི་སྟེང་གི་ཁ་ལོ་བ་གཉིས་དང་འགྲུལ་བ་ལྔ་བཅས་མི་བདུན་པོ་ཚང་མ་རྐྱེན་ལམ་དུ་ཤོར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། སར་ལྷུང་བའི་རྒྱུ་རྐྱེན་ནི་སྒུལ་འཁོར་ལ་ཆག་སྐྱོན་བྱུང་བས་རེད་ཟེར། 

དེ་ནི་ཧྥེ་ལེ་པེན་མཁའ་དམག་ནས་ཉེ་བའི་ལོ་ཕྱེད་རིང་བྱུང་བའི་གྱེན་འཕུར་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཐེངས་གསུམ་པ་རེད། ཉིས་སྟོང་ཉི་ཤུ་ལོའི་ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། ཧྥེ་ལེ་པེན་མཁའ་དམག་གི་གྱེན་འཕུར་གནམ་གྲུ་ཞིག་ཧྥེ་ལེ་པེན་བྱང་ཕྱོགས་ཀྱི་དབྱེ་ཧྲ་པེ་ལཱ་ཞིང་ཆེན་ནས་སར་ལྷུང་སྟེ་གནམ་གྲུའི་སྟེང་གི་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག ལོ་དེའི་ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། ཧྥེ་ལེ་པེན་མཁའ་དམག་གི་གྱེན་འཕུར་གནམ་གྲུ་ཞིག་ཧྥེ་ལེ་པེན་ལྷོ་ཕྱོགས་ཀྱི་པཱ་ཞི་ལན་ཞིང་ཆེན་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི་བཞི་བོ་ཚང་མ་རྐྱེན་ལམ་དུ་ཤོར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།