མའོ་ཁི་ཨར་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གསར་བ་པེད་ཏིན་གྱིས་འཇར་མན་དུ་འཚམས་འདྲི་བྱེད་པར་གདན་ཞུ་བྱས། 
2021.01.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཁ་པར་གྲོས་མོལ་བྱས་པ་དང་། ཇི་ལྟར་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པར་གྲོས་བསྡུར་བྱས། དེའི་ཞོར་དུ་མའོ་ཁི་ཨར་གྱིས་པེད་ཏིན་གྱིས་པྲོག་གསར་གློ་ཚད་རིམས་ནད་ཅུང་ཞི་འཇགས་སུ་སོང་བའི་སྐབས་སུ་འཇར་མན་དུ་འཚམས་འདྲི་བྱེད་པར་གདན་ཞུ་བྱས། 

དེ་ནི་པེད་ཏིན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་རྗེས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཐོག་དང་པོར་ཁ་པར་གྲོས་མོལ་བྱས་པ་རེད། འཇར་མན་སྲིད་གཞུང་གིས་ཚེས་ཉེར་ལྔ་ཉིན་གྱི་ནམ་གུང་གསལ་སྒྲོག་སྤེལ་ཏེ། མའོ་ཁི་ཨར་གྱིས་ཁ་པར་ལས་པེད་ཏིན་གྱིས་བདེ་བླག་ངང་ལས་འགན་ཁུར་བར་རྟེན་འབྲེལ་ཞུས་པ་དང་། ཞོར་དུ་འཇར་མན་གྱིས་ཡོ་རོབ་གླིང་མནའ་འབྲེལ་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་གྲོགས་པོའི་མཉམ་ལས་ཁྲོད་རྒྱལ་སྤྱིའི་འགན་འཁྲི་ཁུར་དུ་ལེན་པའི་འདོད་བློ་ཡོད་པའི་ཚུལ་བསྟན། 

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གཅིག་གྱུར་སྒོས་བལྟས་ན། པྲོག་གསར་ནད་དུག་རྒྱ་ཡན་དུ་འགྲོ་བའི་གནད་དོན་ཐག་གཅོད་བྱེད་པར་རྒྱལ་སྤྱིའི་མཉམ་ལས་ལྷག་ཏུ་མཁོ་བར་འདོད། མའོ་ཁི་ཨར་གྱིས་ཨ་མེ་རི་ཁ་ཡང་བསྐྱར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནང་ཞུགས་པར་དགའ་བསུ་ཞུས། 

ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་སྤྱིའི་གནད་དོན་གལ་ཆེན་དང་ཉོ་ཚོང་། ནམ་ཟླའི་སྲིད་ཇུས་བཅས་ལ་གྲོས་བསྡུར་བྱས། མའོ་ཁི་ཨར་གྱིས་ཀྱང་ཨ་མེ་རི་ཁ་ཕྱིར་ཕཱ་རེ་སིའི་ནམ་ཟླའི་གྲོས་ཆོད་ནང་ཞུགས་རྒྱུའི་ཐག་བཅད་པར་དགའ་བསུ་ཞུས་པར་མ་ཟད། པེད་ཏིན་གྱིས་རིམས་ནད་ཅུང་ཞི་འཇགས་སུ་སོང་བའི་སྐབས་སུ་འཇར་མན་དུ་འཚམས་འདྲི་བྱེད་པར་གདན་ཞུ་བྱས། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།